སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༨ ནས་ ༢༨ བར་ལས་དུས་ཉིན་གྲངས་བཅུའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་ཡོད།

དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དབུ་འཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་མཚམས། དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱིས་གསལ་བསྒྲགས་གནང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱིས་གསུང་བཤད་གནང་སོང་།

དེ་རྗེས་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་བསྟུན། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་འཕྱོངས་རྒྱས་གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་བ་དང་།

སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཨ་ཊལ་བྷི་ཧྰ་རི་བྷ་ཇི་པ་ཡེ་ (Shri.Atal Bihari Vajpayee) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་།

དེ་ནས་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེ་ཁེན་ (John McCain) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་གྲུབ་མཚམས་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས་གནང་ཡོད།

དེ་ནས་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་གནང་བར། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་གིས་རྒྱབ་སྐྱོར་གནང་སྟེ།

རིམ་བཞིན་གོང་གསལ་གྲོས་ཆོད་གྲོས་འཆར་ཁག་ལ་སྤྱི་འཐུས་རྣམ་པས་བགྲོ་གླེང་ལྷུག་པོ་གནང་རྗེས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད་པ་རེད།

དེ་རྗེས་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༨ ཟླ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་རྗེས།

སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༧་་་༢༠༡༨ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་སྙན་སྒྲོན་གནང་ཡོད།

དེ་ནས་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་རྒྱབ་སྐྱོར་གནང་བ་དང་སྦྲགས། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་ལྷུག་པོ་གནང་སོང་།

སང་ཉིན་ནས་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་བ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྙན་སྒྲོན་དང་ཞིིབ་བཤེར་གྱི་ལས་དོན་ཐོག་གཏང་གནང་རྒྱུ་ཡིན་པ་རེད། ལས་བསྡོམས་ཞིབ་བཤེར་གྱི་ལས་རིམ་ཁག་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ཆོས་རིག ཤེས་ཡོན། སྤྱི་ཚོགས་བདེ་དོན་སོགས་ཀྱི་གནད་དོན་ཡོངས་ཀྱི་ཐོག་ཞིབ་བཤེར་གནང་སྟེ་དྲི་བ་དྲིས་ལན་དང་། གསལ་བཤད་བཅས་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །