སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་འཕོ་འགྱུར་གནང་བ།

༄༅། །དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ ཉིན་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་གསུམ་པའི་སྐབས་སྤྱི་འཐུས་རྒྱུན་ལས་གསུམ་འཕོ་འགྱུར་ཕྱིན་ཡོད་པ་ལས་གཞན་རྣམས་རང་འཇགས་བཞུགས་ཡོད། དེ་ཡང་མདོ་སྟོད་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་མཆོག་གི་ཚབ་ཏུ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་ཕེབས་གནང་བ་དང་། མདོ་སྨད་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་ཀྱི་ཚབ་ཏུ་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་བཅས་ཕེབས་གནང་ཡོད།

དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱུན་ལས་གསར་པ་ཕེབས་པ་རྣམས་ལ་འཚམས་འདྲི་དང་སྦྲགས། བོད་སྤྱི་པར་ཞབས་ཕྱི་ཞུ་ཐུབ་པ་དེ་བསོད་ནམས་ཆེན་པོ་ཞིག་ཡིན་པ་དང་། སྐབས་རེ་ལས་དོན་ཁག་ཅིག་ལ་བསམ་ཚུལ་མ་མཐུན་པ་ཡོང་དུས་གོ་བསྡུར་སྦྱངས་བཤད་གནང་འབྲས། སྤྱི་མོས་དང་། མང་མོས་ཀྱི་ཐག་གཅོད་གནང་རྒྱུ་ཡིན་པ་དང་། དེ་བཞིན་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བའི་ལས་དོན་གང་གི་ཐོག་ལ་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་ལས་དོན་ཚགས་ཚུད་དང་ཡག་པོ་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་གནས་བཅས་གསུངས་གནང་སོང་།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༡ ནས་ ༢༠༡༩ ཟླ་ ༥ ཚེས་ ༣༡ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་གསུམ་པའི་སྡེ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་གནང་བར། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་མཆོག དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཀརྨ་དགེ་ལེགས་མཆོག་བཅས་ལ་ཐུགས་གཏན་འཁེལ་གནང་སྟེ་དངོས་སུ་ལས་འཁུར་ཞུས་གནང་ཡོད།

ཕྱི་ཟླ་ ༥ ཚེས་ ༣༡ ཉིན་སྤྱི་འཐུས་རྒྱུན་ལས་ལོ་དུས་གཉིས་པའི་རྒྱུན་ལས་ལས་འཁྱུར་རྣམས་ལ་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོན་མཇལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

Menu