སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་བ།


༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༤ ནས་ ༢༤ བར་ཉིན་གྲངས་ ༡༠ རིང་བོད་མིིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་དབུ་འཛུགས་གནང་ཡོད།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་བ་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གནང་ཡོད།

དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་དང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་གིས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་གྲྭ་བསྟན་དགའ་ལགས་དང་། དཀོན་དཔེ་ལགས། དེ་བཞིན་ཚེ་ཁོ་ལགས་བཅས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་།

ཕྱོགས་མཚུངས་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ནནྜ་ ཀི་ཤོར་ ཏྲི་ཁཱ་ (N.K Trikha) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན། དེ་བཞིན་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ཟུར་པ་ཧོར་གཙང་བློ་བཟང་བསྟན་འཛིན་མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་ཡོད།

དེ་ནས་གོང་གསལ་ཆེད་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་གནང་བསྟུན། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་གིས་བོད་ནང་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་གནང་བར་སྤྱི་ཐུས་བློ་བཟང་ཆོས་འབྱོར་མཆོག་གིས་རྒྱབ་སྐྱོར་གནང་ཡོད། དེ་རྗེས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་ལྷུགས་པོ་གནང་ཡོད།

ཉིན་རྒྱབ་དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༡༨་་༡༩ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་གནང་ཟིན་རྗེས། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་རྩིས་ལོ་ ༢༠༡༨་་༡༩ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་ཡོད།

དེ་ནས་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་གིས་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོར་སྤྱི་ཡོངས་ཀྱི་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། དེར་སྤྱི་འཐུས་དགེ་བ་ཚང་ངག་དབང་ཐར་པ་མཆོག་གིས་རྒྱབ་སྐྱོར་གནང་ཡོད་པ་དང་། དེའི་ཐོག་བགྲོ་གླེང་སང་ལས་རིམ་ནས་ཕེབས་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

Menu