ཕྱི་ལོ་༢༠༡༢ ལོའི་ཟླ་བ་༢ ཚེས་༨ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ལམ་སྟོན་འོག བོད་ནང་དུ་ཉིན་རེ་བཞིན་ཛ་དྲག་གི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ལ་བརྟེན། གཞིས་བཞུགས་བོད་མིར་སྐྱིད་སྡུག་མཉམ་མྱོང་དང་། དཀའ་སྡུག་ནང་ལྷུང་པའི་རང་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། སེ་ར་བླ་སྤྱི་དང་། སེ་ར་བྱེས་གྲྭ་ཚང་དང་། སྨད་གྲྭ་ཚང་གཉིས་ཀྱིས་མཐུན་འགྱུར་གོ་སྒྲིག་གནང་སྟེ། སེ་ར་ཚོགས་ཆེན་དུ། ཞོགས་པའི་ཆུ་ཚོད་༨ པའི་ཐོག་ལུགས་བསམ་དང་། བདེ་སླར་གཞིས་ཆགས་གཉིས་ཀྱི་གཞིས་འགོ་རྣམ་པ་གཉིས་དང་། དྲུང་ཡིག མཉམ་འབྲེལ་སོགས་གཞུང་འབྲེལ་སྡེ་ཚན་ཁག་གི་འགན་འཛིན་དང་ལས་བྱེད། ས་གནས་གཞོན་ནུ་དང་བུད་མེད་ཀྱིས་མཚོན་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མི་དང་། གཞིས་ཁོངས་གཉིས་ཀྱི་དགོན་སྡེ་ཁག་གི་རིས་མེད་གྲྭ་བཙུན་སྔགས་གསུམ་དང་། གྲོང་སྡེ་ཁག་གི་རྒྱ་ཆེའི་མང་ཚོགས་བཅས་མི་གྲངས་ ༡༥༠༠༠ ལྷག་འདུ་འཛོམས་གནང་སྟེ། བོད་ནང་རང་ལུས་མེས་བསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པ་དང་། རྒྱ་མིའི་མེ་མདས་དམར་བསད་ཀྱིས་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་ལ་མྱ་ངན་གྱི་གུས་འདུད་མཚོན་ཆེད་ཁ་རས་ནག་པོ་དཀྲིས་ཤིང་། འདི་ཉིན་རྒས་འཁོགས་དང་། བྱིས་པ། ནད་པ། ཁང་སྲུང་མི་གཅིག་ཕུད། དེ་མིན་ས་གནས་ཀྱི་སེར་སྐྱ་ཚང་མ་འདུ་འཛོམས་མཉམ་བཞུགས་ཡོང་བའི་འབོད་སྐུལ་ཞུ་དོན་བཞིན། མི་མང་ཕོན་ཆེ་འདུ་འཛོམས་ཐོག སེ་ར་བྱེས་སྨད་གཉིས་ཀྱི་སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པ་གཉིས་དང་། སེར་སྨད་སྐྱབས་རྗེ་དྭགས་པོ་རིན་པོ་ཆེ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་བཅས་ནས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་མགོན་དུ་གདན་ཞུས་ཐོག་མཎྜལ་རྟེན་གསུམ་འདེགས་འབུལ་དང་། ཆུ་ཚོད་༩ ཐོག་སྐུ་མགྲོན་གཙོ་བོར་ཞྭ་སེར་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཚོགས་མགོན་དུ་གདན་ཞུ་གནང་མཚམས། ཚང་མ་སྐུ་བཞེངས་ཀྱིས་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་བ་དང་། བདེ་སླར་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་མཆོག་ནས་སྐར་མ་ཉི་ཤུའི་རིང་ངོ་སྤྲོད་གསུང་བཤད་གནང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས་ཆུ་ཚོད་གཅིག་གི་རིང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། བོད་གཞུང་མང་གཉིས་ཀྱི་ལས་འགུལ་སྤེལ་ཕྱོགས་དང་། རྒྱ་གཞུང་ལ་འབོད་སྐུལ་སོགས་གཏམ་བཤད་གནང་། སྐུ་མགྲོན་གཙོ་བོར་ཞྭ་སེར་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནས་བོད་གཞིས་ལུས་རྒྱ་ཆེ་མི་མང་ལ་རང་སྲོག་མེར་བསྲེག་སོགས་མི་གནང་རྒྱུའི་འབོད་སྐུལ་སོགས་གཏམ་བཤད་གནང་། ལུགས་བསམ་མཉམ་འབྲེལ་ཚོགས་གཞོན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། སེ་ར་ཚོགས་ཆེན་དབུ་མཛད་ལགས་ནས་དབུ་སྐུལ་གྱིས་ ༡ རྒྱུན་ཆགས་གསུམ་པ་དང་། ༢ གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། ༣ དཔལ་ནཱ་ལེནྡའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༤ གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་དད་པའི་མེ་ཏོག ༥ འཕགས་བསྟོད། ༦ སྒྲོལ་མ་ཉེར་གཅིག་གི་བསྟོད་པ། ༧ མི་འཁྲུགས་པའི་བསྟོད་པ་དང་གཟུང་སྔགས། ༨ སྨན་བླའི་བསྟོད་པ་དང་གཟུགས་སྔགས། ༩ གུ་རུའི་ཚིག་བདུན་གསོལ་འདེབས། ༡༠ གུ་རུའི་ཐུགས་དམ་གནད་བསྐུལ། ༡༡ བཟང་སྤྱོད་སྨོན་ལམ། ༡༢ བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ། ༡༣ བདེན་ཚིག་སྨོན་ལམ་བཅས་བོད་མི་མང་སྤྱི་འཐུས་ཀྱི་དྲ་རྒྱ་ནས་ཕབ་ལེན་ཞུས་ཏེ། སེ་ར་བླ་སྤྱིས་དཔར་འགྲེམས་གནང་པ་གཞིར་བཟུང་འུར་འུར་ཆེམ་ཆེམ་གྱིས་གསུང་འདོན་གནང་སྟེ་ཉིན་རྒྱབ་ཆུ་ཚོད་༤ པར་སེར་སྐྱ་མང་ཚོགས་གོམ་བགྲོད་ཀྱིས་ལུགས་བསམ་གཞིས་གྲོང་དང་པོའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་མདུན་ཐང་དུ་འདུ་འཛོམས་གནང་མཚམས། ༡ ༽ མི་མང་ཚང་མ་སྐུ་བཞེངས་ཀྱི་མྱ་ངན་གུས་འདུད་སྐར་མ་གཅིག་རིང་གནང་བ་དང་། ༢ ༽ ལུགས་བསམ་གཞིས་འགོ་ཚེ་རིང་དངོས་གྲུབ་ལགས་ནས་ངོ་སྤྲོད་གསུང་བཤད་གནང་། ༣ ༽ ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ནས་གསུང་བཤད་གནང་། ༤ ༽ སྐུ་མགྲོན་གཙོ་བོ་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ Mr. Sadha Shivapa མཆོག་ནས་གསུང་བཤད་གནང་། ༥ ༽ བདེ་སླར་མཉམ་འབྲེལ་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཀྱིས་ཚད་མེད་ཡོན་ཏན་མ་དབྱངས་རྟ་བཅས་འདོན་གནང་དང་། དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་མར་མེ་ཁྲོམ་སྐོར་གནང་ཡོད།