སུ་ཝེ་ཌེན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་སྣེ་ལེན་གཟབ་རྒྱས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༠ ཉིན་སུ་ཝེ་ཌེན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ (Carl Schlyter,M.P Green Party)  མཆོག་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Mattias Björnerstedt​) ལགས། དེ་བཞིན་སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གཅིག་ལྕོགས་འཇམ་དབྱངས་ཆོས་སྒྲོན་ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་སྐུ་ཞབས་ (Carl Schlyter) མཆོག་དང་། སྐུ་ཞབས་ (Mattias Björnerstedt​) ལགས།  འཇམ་དབྱངས་ཆོས་སྒྲོན་ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྣེ་ལེན་མཇལ་འཕྲད་གནང་བ་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དང་། བོད་ཀྱི་འདས་པའི་ལོ་རྒྱུས། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་བབ། འབྱུང་འགྱུར་བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་དང་གྲོས་མོལ་གནང་གལ་ཆེ་བའི་སྐོར་སོགས་གསུངས་གནང་ཡོད། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་གཟིགས་བསྐོར་ཕེབས་གྲུབ་མཚམས་དགོང་མོ་ཆུ་ཚོད་ ༧ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་ནང་གསོལ་ཚིགས་འདེགས་འབུལ་ཞུས་གནང་ཡོད།

དེའི་སྐབས་སྤྱི་འཐུས་རྒྱུན་ལས་རྣམ་པས་སུ་ཝེ་ཌེན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཞུགས་སྒར་དུ་ཐེངས་དང་པོ་ཕེབས་པར་འཚམས་འདྲི་ཞུས་གནང་བ་དང་། སྲིད་དོན་ཚོགས་པ་ཁག་ ༥ ལས་གྲུབ་པའི་སུ་ཝེ་ཌེན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། སུ་ཝེ་ཌེན་མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་།

དེ་རྗེས་སྐུ་ཞབས་ (Carl Schlyter) མཆོག་གིས་གསུང་དོན། སུ་ཝི་ཌིན་ནང་བོད་ཀྱི་གནད་དོན་ཐོག་ཤེས་རྟོགས་དེ་ཙམ་མེད་ཀྱང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་   ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་དཔེ་དེབ་མང་པོ་ཞིག་སུ་ཝེ་ཌེན་སྐད་ཡིག་ནང་བསྒྱུར་ཡོད་སྟབས་སུ་ཝེ་ཌེན་མི་མང་ནས་ ༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་གང་ཙམ་གོ་རྟོགས་ཡོད་པ་རེད། དེ་བཞིན་ཁོང་གིས་དབུ་མའི་ལམ་ནི་གསེར་གྱི་ལམ་བུ་རེད། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་རྒྱབ་སྐྱོར་ཡོད་ཅེས་དང་།

ཡང་ཁོང་གིས་རྒྱལ་ཁབ་ནང་ཕྱིར་ལོག་རྗེས་སུ་ཝེ་ཌེན་མི་མང་ནང་བོད་ཀྱི་གནད་དོན་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུ་དང་། མི་མང་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་གནང་གི་ཡིན་ཞེས་གསུངས། ཁོང་གིས་མུ་མཐུད་གསུང་དོན། དེ་རིང་རྡ་སར་སླེབས་ནས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྟེ་བོད་ཀྱི་གནས་སྟངས་དང་། བོད་ཀྱི་འཐབ་རྩོད་ཐོག་ཧ་ཅང་གི་གོ་རྟོགས་ཆེན་པོ་བྱུང་ཞེས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བར་དགའ་ཚོར་ཆེན་པོ་བྱུང་། ཐུགས་རྗེ་ཆེ་ཞེས་གསུངས་གནང་ཡོད། དེ་བཞིན་སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ (Mattias Björnerstedt​) ལགས་ཀྱིས་གསུང་དོན། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་དབུ་འཛུགས་ནས་ལོ་ངོ་ ༥༠ འཁོར་གྱི་ཡོད་པ་དང་། དེ་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་གྲས་ཤིག་ཡིན་ཞེས་དང་། དེ་བཞིན་མ་འོངས་པར་སུ་ཝེ་ཌེན་རྒྱལ་ཁབ་ཙམ་མ་ཡིན་པར་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་སྔར་ལྷག་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་གནང་གྲུབ་མཚམས་སྤྱི་འཐུས་རྒྱུན་ལས་རྣམས་དང་བོད་ཀྱི་གནད་དོན་ཐོག་གྲོས་བསྡུར་ལྷུག་པོ་གནང་ཡོད། དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་མགྲོན་རྣམ་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

Menu