སི་ཀོ་ཊི་ལེན་ཌིའི་རིག་གཞུང་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་བ།

༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༦ ཉིན་སི་ཀོཊ་ལེན་ཌིའི་རིག་གཞུང་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་ཞིག་ (Scottish Cultural Delegation) ཨིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་བཞུགས་སྒར་རྡ་སར་ཉིན་ལྔའི་རིང་བོད་ཀྱི་གནད་དོན་དང་། རིག་གཞུང་རྒྱུས་མངའ་ཡོང་ཐབས་སླད་ཕེབས་ཡོད་པ་ལྟར། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ལྕམ་སྐུ་ཧི་ལྰརི་ རྱེཌ་ ཨི་ཝནྶ་ (Ms. Hilary Reid Evans, Executive Director of the International Network for Regulatory) མཆོག་དང་།   སྐུ་ཞབས་ཨ་ལུན་ཨི་ཝནྶ་ (Mr. Alun Evans) མཆོག   སྐུ་ཞབས་ཌེ་ཝིཌ་ པུར་ཌཡེ་ (Prof David Purdie, Doctor of Medicine, MD FRCP Ed FSA Scot.) མཆོག  སྐུ་ཞབས་མེགྶ་ཝེལ་ མེགྷ་ལོ་ཌི་ (Sir Maxwell Macleod, the son of Lord Macleod of the religious community on the island of Iona) མཆོག སྐུ་ཞབས་ལཱ་ཆ་ལན་ གྷོ་ཌི་ (Mr. Lachlan Goudie, an Artist, incorporating portraiture, still life and landscaping painting) མཆོག སྐུ་ཞབསམཱེཁལ་ ལིན་ (Mr. Michael Lean, professor of human nutrition at Glasgow Royal Infirmary and co-leader of the Diabetes Remission Clinical Trial) མཆོག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་བ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་ཡོད།

སྐབས་དེར་ཐོག་མར་ཁོང་རྣམས་ནས་སོ་སོའི་ངོ་སྤྲོད་དང་། དགོངས་ཚུལ་ཁག་ཅིག་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་རིག་གནས་ཆེ་ཆུང་བཅུའི་འགྲེལ་བརྗོད་སྙིང་བསྡུས་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་བཀའ་འགྱུར་བསྟན་འགྱུར་དང་འབྲེལ་བའི་སྐོར་ངོ་སྤྲོད་སྙིང་བསྡུས་རེ་གནང་རྗེས།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། བོད་དོན་རྒྱབ་སྐྱོར་ཐོབ་ཐབས་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགསཀྱི་སྐུ་ཚབ་ནས་ཕྱིའི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་དང་། མཁས་དབང་། གསར་འགོད་པ་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་པའི་སྐོར། དེ་བཞིན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བཞི་པ་སི་ཀོ་ཊི་ལེན་ཌིའི་ནང་བསྐོང་ཚོགས་གནང་བའི་སྐོར། བོད་མི་རྣམས་ནས་སི་ཀོཊི་ལེན་ཌི་རང་སྐྱོང་རྒྱལ་ཁབ་ཀྱི་སྐོར་ཤེས་ཀྱི་ཡོད་པ་མ་ཟད། བོད་མིའི་ཚོའི་མངོན་འདོད་ཀྱང་དབུ་མའི་ལམ་གྱི་ཐོག་ནས་རྒྱ་ནག་གཞུང་གི་འོག་རང་སྐྱོང་ཐོབ་ཐབས་གནང་གི་ཡོད་སྐོར་སོགས་ཀྱི་ཐོག་གསུངས་གནང་བ་དང་། ཆབས་ཅིག་ཁོང་གིས་གསུང་དོན། ཁྱེད་རྣམ་པ་ཚོ་རིག་གཞུང་དང་རིག་གནས་སྣ་ཚོགས་མཁྱེན་མཁན་ཞིག་ཡིན་དུས། མ་འོངས་པར་རྒྱལ་ཁབ་ནང་ཕྱིར་ཕེབས་རྗེས་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་གནང་རྒྱུ་དང་། གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་གནད་དོན་སྙན་སེང་ཞུ་ཐབས་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་དང་། ཁྱེད་རྣམ་པ་ཚོ་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་གསུངས་གནང་རྗེས། ཁོང་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་དང་། དེ་ནས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་བ་བཅས། །

 

 

Menu