ས་གནས་ཁག་གི་ལས་འགུལ་བ་རྣམས་ལྡི་ལིར་འབྱོར་བཞིན་པ།

གནས་ཚུལ་མཁོ་སྒྲུབ་ཚོགས་ཆུང་གི་འགན་ཁུར་བ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ལོ་༢༠༡༡།༡༠།༡༨ ཉིན་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་གཞུང་འབྲེལ་ལས་འགུལ་སྤེལ་འཆར་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་ཁག་ཕྱི་ཚེས་༡༣ ཉིན་ལྡི་ལིར་འབྱོར་ཏེ་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་༣༦ ནས་ལས་འགུལ་དུ་མཉམ་ཞུགས་དགེ་འདུན་པ་དང་། བཙུན་མ། མི་མང་བཅས་བཞུགས་གནས་དང་། བཞེས་ལག་སོགས་ཀྱི་གྲ་སྒྲིག་ཞུ་སྒོ་ཁག་གོ་སྒྲིག་བྱེད་བཞིན་ཡོད་པ་རེད།

གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་སུ་ད་བར་གྲ་སྒྲིག་ཅི་བྱུང་གི་གནས་ཚུལ་བཀའ་འདྲི་ཞུས་པར། སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་དང་། གཞིས་སྒར་བསམ་ཡས་གླིང་བརྒྱ་འཐུས་ལས་ཁུངས། དེ་བཞིན་ས་གནས་གཞོན་ནུ་དང་། བུད་མེད་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚང་མ་མཉམ་འབྲེལ་ཐོག་བཞུགས་གནས་སོགས་གོ་སྒྲིག་བྱེད་བཞིན་ཡོད་པ་དང་། ཕྱི་ཚེས་༡༧ ཉིན་ནས་དགེ་འདུན་པའི་བཞུགས་གནས་མན་ཇུ་ཀྲི་ལའི་ཉེ་འཁྲིས་སུ་ཡོད་པའི་པན་ཇབ་ལྷ་ཁང་དུ་གོ་སྒྲིག་ཞུས་ཡོད་པ་དང་། མི་མང་ཚང་མ་གཞིས་སྒར་བསམ་ཡས་གླིང་གི་སློབ་གྲྭའི་ཚོགས་ཁང་དང་། དེའི་ཉེ་འཁོར་དུ་གྲ་སྒྲིག་བྱས་ཡོད། ཕྱི་ཚེས་༡༦ ཉིན་ནས་ཕེབས་པའི་དགེ་འདུན་པ་དང་མི་མང་སོགས་ལ་བཞེས་ལག་སོགས་གོ་སྒྲིག་འཐུས་ཚང་བྱས་ཡོད་ཅེས་གསུངས་བྱུང་། དེ་བཞིན་སྤྱི་འཐུས་ཚོགས་གཙོ་སོགས་སྤྱི་འཐུས་རྣམ་པའང་ས་གནས་སུ་ཕེབས་ཏེ་གོ་སྒྲིག་གནང་ཕྱོགས་ལ་གཟིགས་རྟོགས་གནང་ཡོད་པ་རེད།

མོན་གྷོ་འདོད་རྒུ་གླིང་ནས་དགེ་འདུན་པ་དང་མི་མང་གྲངས་༣༠༠ ཕྱི་ཚེས་༡༦ ཉིན་ལྡི་ལིར་འབྱོར་ཡོད་པ་དང་། ཁོ་ཚོ་ནི་ལས་འགུལ་པའི་ཁྲོད་དུ་ལྡི་ལིར་འབྱོར་སྔ་ཤོས་དང་། འགྲུལ་བཞུད་ཀྱི་ལམ་ཐག་རིང་ཤོས་དེ་ཡིན་པ་རེད། ལས་འགུལ་འགན་འཁུར་བའི་གྲས་ཀྱི་མོན་གྷོའི་ས་གནས་འཐུས་མི་བཟང་པོ་ལགས་སུ་ཕེབས་ལམ་གྱི་གནས་ཚུལ་སོགས་དྲིས་པར། གྲྭ་ཚང་ཆེ་ཁག་རེ་ནས་མི་གྲངས་༤༠ དང་། འབྲིང་ཁག་ནས་༢༠། ཆུང་ཁག་ནས་༡༠ རེ། གཞན་ཡང་གྲོང་སྡེ་ཁག་དགུ་དང་། ས་གནས་གཞོན་ནུ་དང་བུད་མེད། ས་གནས་གངས་ལྗོངས། ས་གནས་མང་གཙོ་ཚོགས་པ་སོགས་ཀྱི་འཐུས་མི་ལས་གྲུབ་པའི་མི་གྲངས་སུམ་བརྒྱ་ལྡི་ལིར་བདེ་འབྱོར་བྱུང་ཡོད་པ་དང་། ཕྱི་ཚེས་༡༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༥ ནས་སྤྱི་འཐུས་ཁག་ཅིག་གདན་ཞུས་ཀྱིས་བོད་ཀྱི་གནས་བབ་དང་། བོད་མིའི་འཐབ་རྩོད་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་ཞིག་ཀྱང་གོ་སྒྲིག་གནང་འཆར་ཡོད་པ་རེད་འདུག

Menu