ཤེས་རིག་ལྷན་ཁང་ནས་གོ་སྒྲིག་གནང་བའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་ནས་བཀའ་སློབ་ལམ་སྟོན་གནང་བ།

[envira-gallery id=”13475″]

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༠ ནས་ ༢༧ བར་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ཤེེས་རིག་ལྷན་ཁང་ནས་གོ་སྒྲིག་གནང་བའི་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པའི་ཐོག་ཤེས་རིག་ལས་ཁུངས་ནས་རེ་བསྐུལ་བྱུང་དོན་ལྟར་དཔལ་ལྡན་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་དགེ་ལས་སློབ་ཕྲུག་ཡོངས་ལ་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཛའ་བརྩེའི་འཚམས་འདྲི་དང་འབྲེལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་བྱུང་རིམ་དང་འབྲེལ་བའི་ཐོག་བཀའ་སློབ་ལམ་སྟོན་གནང་དོན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༥༠ ནས་བཟུང་བོད་ཀྱི་ཆབ་སྲིད་ལམ་ལུགས་མང་གཙོའི་ལམ་དུ་འཁྲིད་གནང་མཛད་རྒྱུའི་ཐུགས་ཀྱི་དགོངས་གཞི་ལྟར་ཕྱི་ལོ་ ༡༩༥༨ ལོར་ཅུང་ཟད་ཅིག་བཅོས་སྒྱུར་གནང་བ་དང་། དེ་ནས་མུ་མཐུད་བཙན་བྱོལ་དུ་ཕེབས་མ་ཐག་ཕྱིི་ལོ་ ༡༩༦༠ ལོ་འགོར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོལ་ཁ་དང་ཆོས་ལུགས་སོ་སོ་ནས་འཐུས་མི་འོས་འདེམས་དགོས་པའི་བཀའ་སློབ་གནང་། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བདམས་ཐོན་འཐུས་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་དུ་ལས་འཁུར་དམ་འབུལ་ཞུས་པ་ནས་མང་གཙོའི་ལམ་ལུགས་དབུ་བརྙེས་པ་ནས་ད་བར་མི་ལོ་ ༥༦ འཁོར་བཞིན་ཡོད་པ་དང་། ལྷག་པར་བོད་མིའི་མང་གཙོའི་འཕེལ་རིམ་སྐབས་དུས་སོ་སོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡང་ཡང་བཀའ་སྤྱི་གཉིས་དང་རྒྱ་ཆེའི་མང་ཚོགས་ལ་བཀའ་སློབ་ལམ་སྟོན་གནང་ཡོད། ད་ལྟའི་ཆར་བོད་མིའི་མང་གཙོ་ཚགས་ཚུད་སྲ་བརྟན་ངང་བསྐྱོད་བཞིན་ཡོད། དེ་ཡང་ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༩༠ བར་ལོ་ངོ་སུམ་ཅུ་ནང་གི་མང་གཙོའི་འཕེལ་རིམ་གཅིག་དང་།

[envira-gallery id=”13476″]

དེ་ནས་ཕྱི་ལོ་ ༡༩༩༡ ནས་ ༢༠༠༠ བར་ལོ་ངོ་བཅུའི་ནང་མང་གཙོའི་འཕེལ་རིམ་འགྱུར་ལྡོག་རིམ་པ་གཉིས་པ་ཕྱིན་ཡོད། ལྷག་པར་ཕྱི་ལོ་ ༢༠༡༡ ནས་ཕྱི་ལོ་ ༢༠༡༦ བར་ད་ལྟ་འགྲོ་བཞིན་པ་ལོ་ངོ་ ༦ ནང་གི་མང་གཙོའི་འཕེལ་རིམ་འགྱུར་ལྡོག་གསུམ་པ་བཅས་ཀྱི་ཐོག་ནས་ལོ་དུས་སོ་སོ་དང་སྤྱི་འཐུས་སྐབས་སོ་སོའི་ནང་མང་གཙོའི་འཕེལ་རིམ་གྱི་འགྱུར་ལྡོག་གང་བྱུང་ཡོད་པ་རྣམས་གསལ་བཤད་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༦༠ ལོར་ཐོག་མར་འདེམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་དམ་འབུལ་ཞུས་ཡོད་པས་ལོ་དུས་སོ་སོར་འགྱུར་བ་གང་ཕྱིན་པ་རྣམས་ཞིབ་ཕྲ་འགྲེལ་བཤད་གནང་དོན་དུ། ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་བསྡུས་འགྲེམས་སྤེལ་གནང་། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ལེའུ་བཅུ་བྱས་པ་གསལ་བསྒྲགས་བསྐྱངས་གནང་མཛད། ཕྱི་ལོ་ ༡༩༦༤ ལོར་སྤྱི་འཐུས་ཀྱི་དུས་ཡུན་ལོ་གསུམ་རེ་གནང་རྒྱུ་དང་༸གོང་ས་མཆོག་ནས་བུད་མེད་ཀྱི་འཐུས་མི་འཕར་སྣོན་གནང་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར་གཏན་འབེབས་གནང་། ཕྱི་ལོ་ ༡༩༦༣ ཟླ་ ༥ ཚེས་ ༣ ཉིན་ཚོགས་དྲུང་ལས་ཁུངས་ཟུར་འཛུགས་གནང་། ཕྱི་ལོ་ ༡༩༦༥ ལོར་༸གོང་ས་མཆོག་ནས་མཁས་ཅན་དང་དམིགས་བསལ་མི་སྣ་སྤྱི་འཐུས་སུ་ཐད་བསྐོ་གནང་ལམ་བཏོད། ཕྱི་ལོ་ ༡༩༧༤ ཟླ་ ༡༡ ཚེས་ ༡༡ ཉིན་འོས་བསྡུའི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་། ཕྱི་ལོ་ ༡༩༧༥ ལོར་འཆར་འབུལ་ཕྱག་རྟགས་ལམ་ནས་ཟླ་བ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་གཏན་འབེབས་གནང་། ཕྱི་ལོ་ ༡༩༧༦ ལོར་སྤྱི་འཐུས་ནས་ལས་ཁུངས་མ་ལག་ཡོངས་ཀྱི་ལོ་འཁོར་དངུལ་རྩིས་བཀའ་ཁྲོལ་གནང་རྒྱུའི་ལམ་ལུགས་འགོ་འཛུགས་གནང་ཡོད། ཕྱིི་ལོ་ ༡༩༧༧ ཟླ་ ༡༠ ཚེས་ ༥ ཉིན་སྐབས་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་འཛུགས་གནང་ཡོད། ཕྱི་ལོ་ ༡༩༧༩ ཟླ་ ༦ ཚེས་ ༢༣ ཉིན་བཀའ་བློན་རྣམ་པའི་མཛད་འཁུར་དུས་ཡུན་དམ་འབུལ་བྱས་པའི་ཉིན་མོ་ནས་ལོ་ལྔ་རེ་གནང་རྒྱུ་གནང་། དེ་དང་མཉམ་དུ་ CTPD མིང་སྦྱང་ཡང་། ATPD ཐོག་མིང་འགྱུར་གནང་། ཕྱི་ལོ་ ༡༩༨༢ ལོར་སྤྱི་འཐུས་སྐབས་ ༨ པ་ནས་དུས་ཡུན་ལོ་ལྔ་རེ་གནང་རྒྱུ་གནང་། ཕྱི་ལོ་ ༡༩༨༤ ལོར་མང་གཙོ་དབུ་བརྙེས་པ་དང་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༢༥ འཁོར་བའི་དུས་སྟོན་སྲུང་བརྩི་ཞུས། ཕྱི་ལོ་ ༡༩༨༧ ལོར་སྤྱི་འཐུས་སྐབས་ ༩ པའི་འཐུས་མི་གྲངས་ཚད་ཉུང་དུ་བཏང་བའི་སྤྱི་འཐུས་ ༡༢ བདམས་ཐོན་བྱུང་ཡོད། ཕྱི་ལོ་ ༡༩༨༨ ནས་ ༡༩༩༠ བར་སྤྱི་འཐུས་སྐབས་བཅུ་པ་བདེམས་ཐོན་བྱུང་། ཕྱི་ལོ་ ༡༩༩༠ ཟླ་ ༥ པའི་ནང་དམིགས་བསལ་ཚོགས་ཆེན་བསྐྱངས་པའི་ཐོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སྤྱི་གཉིས་ཀྱི་ལས་ཡུན་བར་མཚམས་འཇོག་དགོས་པ་དང་། ཚོགས་འདུ་འདིའི་ཐོག་ནས་བར་བརྒལ་གྱི་བཀའ་བློན་འོས་འདེམས་གནང་ཕྱོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་ཡོད། ལྷག་པར་མ་འོངས་སྤྱི་འཐུས་འདེམས་ཕྱོགས་དང་། བཙན་བྱོལ་ནང་ཁྲིམས་སྒྲིག་བཟོ་དགོས་བཅས་ཀྱི་གལ་ཆེའི་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་པའི་ཐོག་ཚོགས་འདུའི་ནང་ཚོགས་བཅར་བ་ཡོངས་ནས་གྲོས་བསྡུར་ལྷུག་པོ་གནང་ནས་ཆོལ་ཁ་རེ་རེ་ནས་སྤྱི་འཐུས་ ༡༠ རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་ ༢ རེ། ཡུ་རོབ་ནས་སྤྱི་འཐུས་ ༢ ཨ་རི་ནས་སྤྱི་འཐུས་ ༡ དང་༸གོང་ས་མཆོག་ནས་ཐད་བསྐོས་སྤྱི་འཐུས་གསུམ་གནང་རྒྱུ་བཅས་དང་འབྲེལ་བའི་ཚོགས་འདུའི་ནང་ཐག་གཅོད་བྱུང་དོན་བཞིན་རྒྱ་ཆེའི་མང་ཚོགས་ནས་ཕྱི་ལོ་ ༡༩༩༠ དང་། ༡༩༩༡ ནང་འོས་བསྡུ་གནང་། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཅའ་ཁྲིམས་གཏན་འབེབས་གནང་བ་དང་། ཚེས་ ༢༨ ཉིན་༸གོང་ས་མཆོག་ནས་ཆོག་མཆན་ཕྱག་རྟགས་གནང་བ་དང་འབྲེལ་སྐབས་དེར་རང་དབང་ཅན་གྱི་སྡེ་ཚན་གསུམ་ཡང་ཟུར་འཛུགས་གནང་ཡོད། ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ཁྲིམས་ཞིབ་ཁང་ནས་གཏན་འབེབས་གནང་བའི་རྩ་འཛིན་ཡིག་ཆ་གསུམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོག་མཆན་ཕྱག་རྟགས་སྩལ་ཡོད། ཕྱི་ལོ་ ༡༩༩༦ ཟླ་ ༡ ཚེས་ ༢༩ ཉིན་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་གཞག་དང་སྦྲགས་དམ་འབུལ་ཞུས། ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་འཐུས་སྐབས་ ༡༢ པའི་གྲོས་ཚོགས་ཐོག་མ་འོངས་བཀའ་བློན་ཁྲི་པ་འོས་འདེམས་གནང་ཕྱོགས་ཀྱི་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་ཡོད། ཕྱི་ལོ་ ༢༠༠༡ ལོར་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་གནང་། ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༣ ཉིན་སྤྱི་འཐུས་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་དུས་དྲུག་པར་རང་དབང་ཅན་གྱི་སྡེ་ཚན་གྱི་འགན་འཛིན་རྣམས་བསྐོ་གཞག་གནང་ཕྱོགས་ཐད་ལམ་སྟོན་བཀའ་སློབ་ཕེབས་ཡོད། ཕྱི་ལོ་ ༢༠༠༦ ལོར་སྤྱི་འཐུས་སྐབས་ ༡༤ པ་ ATPD མཚན་བྱང་དང་ཚོགས་གཙོ་སྦྲེལ་པོའི་མཚན་གནས་ཀྱང་བརྗེ་འགྱུར་གནང་སྟེ། སྤྱི་འཐུས་ལྷན་ཚོགས་ལ་ Tibetan Parliament in Exile དང་། ཚོགས་གཙོ་མཆོག་ལ་ Speaker དང་ཚོགས་གཞོན་མཆོག་ལ་ Deputy speaker ཞེས་གཏན་འབེབས་གནང་ཡོད། ཕྱི་ལོ་ ༢༠༡༠ ལོའི་ནང་མང་གཙོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་སྲུང་བརྩི་ཟབ་རྒྱས་ཞུས། ཕྱི་ལོ་ ༢༠༡༡ ནང་སྐབས་ ༡༤ པའི་གྲོས་ཚོགས་མཐའ་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་གནང་བའི་འགོ་འཁྲིད་རྣམས་ལ་གསོལ་སྩལ་རྩིས་སྤྲོད་མཛད་སླད་བཅའ་ཁྲིམས་སྐྱར་བཅོས་གནང་དགོས་པའི་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བཞིན་བཅའ་ཁྲིམས་བསྐྱར་བཅོས་གནང་ཡོད། ཕྱི་ལོ་ ༢༠༡༢ ནང་བྱང་ཨ་རིའི་སྤྱི་འཐུས་ཅིག་ནས་གཉིས་ལ་སྤར་ཆ་གནང་། ལོ་འདིའི་ཟླ་ ༩ པའི་ཚེས་ ༢༠ ཉིན་གྱི་གྲོས་ཚོགས་སྐབས་བཀའ་བློན་ཁྲི་པའི་མཚན་གནས་དེ་ཉིད་སྲིད་སྐྱོང་གི་མཚན་གནས་སུ་མིང་འགྱུར་བསྐྱར་བཅོས་གནང་ཡོད། ཕྱི་ལོ ༢༠༡༥ ནང་ Australasia and Asia རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སེ་ཀྲི་ལེ་ཤི་ཡའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་འཕར་སྣོན་གྱིས་གཏན་འབེབས་གནང་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་སྤྱི་འཐུས་སྐབས་ ༡༦ དང་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་འཁུར་འགོ་འཛུགས་གནང་ཡོད། སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཉི་ཤུ་རྩ་བདུན་གཏན་འབེབས་གནང་ཡོད་པ་སོགས་ཀྱི་བཀའ་སློབ་ཆུ་ཚོད་གཉིས་ཙམ་རིང་གནང་ནས་མཇུག་ཏུ་སློབ་ཕྲུག་རྣམས་ཀྱིས་དྲི་བ་གནང་བ་ཁག་ལ་བཀའ་ལན་གསལ་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།