༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢༩ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཕྱོགས་ས་ཊོན་ཁམས་ཀཿ ཐོག་གཞིས་ཆགས་སུ་རྟེན་གཞི་བྱས་པའི་འཕགས་ཡུལ་སྔ་འགྱུར་ཀཿ ཐོག་དགོན་པ་རུ་ཤར་རྒྱལ་བ་ཀཿ ཐོག་པའི་བསྟན་པའི་མངའ་བདག་ཆོས་རྗེ་དམ་པ་བདེ་བར་གཤེགས་པ་འཇིག་རྟེན་ཁམས་འདིར་བྱོན་ནས་མི་ལོ་ ༩༠༠ འཁོར་བའི་དུས་དྲན་མཛད་སྒོ་དང་། ཀཿ དམ་པ་བདེ་བར་གཤེགས་པའི་རྣམ་ཐར་དཔེ་དེབ་དབུ་འབྱེད་མཛད་སྒོ་སྲུང་བརྩི་ཞུས་གནང་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཀཿ ཐོག་དགོན་པའི་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ། གཞན་ཡང་འབྲུག་ནས་སྟང་རིན་པོ་ཆེ་མཆོག་དང་། བལ་ཡུལ་བཻ་རོ་དགོན་པའི་མཁན་རིན་པོ་ཆེ་སོགས་མཁན་སྤྲུལ་རྣམས་དང་། ཆོས་རིག་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཁང་གི་འགན་འཛིན་ཉམས་ཞིབ་པ་འཇུ་བསྟན་སྐྱོང་ལགས། ཁམས་ཀཿ ཐོག་གཞིས་ཆགས་ཀྱི་ས་འགོ་བསོད་ནམས་དབང་འདུས་ལགས་གཙོས་པའི་ཉེ་འཁོར་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་། ཚོགས་པའི་ཚོགས་གཞོན་ཀུན་དགའ་ཚེ་འཕེལ་ལགས་ཀྱིས་ཉེ་འཁོར་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་པ། གཞན་སྐུ་མགྲོན་ཁག་ཅིག་དང་ས་གནས་སེར་སྐྱ་མི་མང་བཅས་ཕེབས་འདུག
དེ་ཡང་ཐོག་མར་མཛད་སྒོ་དང་འབྲེལ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་གསུང་འཕྲིན་དང་། སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་གཙོ་༸སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེས་གནང་བའི་གསུང་འཕྲིན་བཅས་སྒྲོག་སྦྱངས་གནང་རྗེས། རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག་གིས་མཛད་སྒོའི་ངོ་སྤྲོད་དང་སྦྲགས་ཕེབས་བསུའི་གསུང་བཤད་དང་། དེ་ནས་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ད་རེས་ཀཿ ཐོག་བསྟན་པའི་སྲོལ་འབྱེད་ཀཿ དམ་པ་བདེ་གཤེགས་དེ་ཉིད་འཇིག་རྟེན་ཁམས་འདིར་བྱོན་ནས་ལོ་ངོ་ ༩༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་རེད། དེང་སང་གི་འགྲོ་ལུགས་ལ་བལྟས་པ་ཡིན་ན། འདི་འདྲའི་དུས་དྲན་སྲུང་བརྩི་ཞུ་དུས་སྒེར་སོ་སོ་དང་འབྲེལ་བ་གང་ཆགས་ཀྱི་ཡོད་དམ་ཞེས་པའི་དྲི་བ་ཞིག་རང་བཞིན་གྱི་བསླེབས་བསྡད་ཀྱི་ཡོད་རེད། དེང་སང་ཕ་དང་། མའི་ཉིན་མོ་ཟེར་བ་སོགས་སྲུང་བརྩི་ཞུ་སྐབས་ཕ་མ་དང་ཕྲུ་གུའི་དབར་བྱམས་བརྩེའི་འབྲེལ་བ་ཆགས་བསྡད་པ་སོགས་མཚོན་ཆེད་ཀྱི་རྟགས་དེ་འདྲ་བཟོས་ནས་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད་རེད། དེ་འདྲ་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ནི་དེང་སང་སྤྱི་ཚོགས་ཀྱི་ཆ་ནས་དགོས་མཁོ་ཞིག་ཀྱང་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག
ཆོས་ཕྱོགས་ཐོག་ནས་བལྟས་ནའང་འདི་ལྟར་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཧ་ལས་པའི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཀཿ དམ་པ་བདེ་གཤེགས་ལྟ་བུར་མཚོན་པ་ཡིན་ན། ཀཿ ཐོག་པའི་བསྟན་པའི་སྲོལ་འབྱེད་ཆགས་བསྡད་ཀྱི་ཡོད་པ་མ་ཟད། དམ་པ་དེ་ཉིད་སྐུ་འཁྲུངས་པ་ནས་དགོངས་པ་མྱ་ངན་ལས་མ་འདས་པའི་བར་དུ་སངས་རྒྱས་ཀྱི་བསྟན་པར་ཞབས་འདེགས་རླབས་པོ་ཆེ་ཞུས་ཡོད་རེད། རྣམ་པ་ཚོས་ཀཿ དམ་པ་བདེ་གཤེགས་ཀྱི་རྣམ་ཐར་མཇལ་བ་ཡིན་ན་གསལ་པོ་མཁྱེན་གྱི་རེད། ཐོག་མར་ཁམས་ལ་སྐུ་འཁྲུངས་པ་དང་། དེ་ནས་དབུས་ལ་ཕེབས་ནས་རིས་སུ་མ་ཆད་པའི་མཁས་པ་མང་པོའི་ཞབས་ལ་གཏུགས་ཏེ། རིམ་པས་དབུས་ཕྱོགས་ལ་མཁས་པའི་སྙན་པར་གྲགས། དེའི་རྗེས་བླ་མ་འཛམ་སྟོན་པ་ཆེན་པོས། གནས་ཀཾ་པོར་སྒྲུབ་པ་མཛད་ན་ཕུང་པོ་འོད་ལུས་སུ་འགྲུབ། ཁམས་ ཀཿ ཐོག་ཏུ་སོང་ན་བསྟན་པ་ལོ་སྟོང་དུ་གནས་པ་ཞིག་འོང་ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུ་ལས་སྒེར་གྱི་གནས་སྟངས་ལ་མ་གཟིགས་པར་ཀཿ ཐོག་ཟེར་བའི་ས་ཆ་དེ་བཙལ་ནས་བསྟན་པ་ཡུན་རིང་གནས་རྒྱུའི་དགོངས་པ་བཞེས་ཏེ། དབུས་ནས་ཁམས་དང་། མདོ་སྨད་ཀྱི་ས་ཆ་མང་པོར་ཕེབས་ནས་དེ་འདྲའི་གནས་གཞི་བཙལ་ནས་མཐར་ལོ་ཙཱ་བ་བཻ་རོ་ཙ་ནའི་སྒྲུབ་ཕུག་ནང་སྐུ་མཚམས་བཞུགས་ནས་རྟགས་མཚན་མི་འདྲ་བ་བྱུང་ཏེ་ཀཿ ཐོག་པའི་ཆོས་གཞི་བཏབ་པ་དེ་འདྲ་བྱུང་ཡོད་རེད། ད་ལྟ་ཀཿ ཐོག་གི་གྲོང་པ་ཧོར་པོ་ཟེར་བ་དེ་འདྲ་ཡོད་རེད། ད་ལྟ་ཡིན་ནའང་དཔེ་ཡག་པོ་ཡོད་རེད། ང་རང་དགུ་བཅུ་གོ་གྲངས་ནང་ཀཿ ཐོག་ལ་འགྲོ་མྱོང་ཡོད། ཀཿ ཐོག་རྨོག་རྩའི་སྐུ་མདུན་ནས་རྙིང་མའི་རྒྱུད་འབུམ་གྱི་ལུང་དེ་འདྲ་ཞུས་ཡོད་རེད། སྐབས་དེ་དུས་དེ་རིང་གི་མཛད་སྒོ་འདིའི་དགོངས་པའི་འབྱུང་ཁུངས་༸སྐྱབས་རྗེ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་ང་ཚོ་མཉམ་དུ་རྨོག་རྩའི་སྐུ་མདུན་ནས་རྙིང་མའི་རྒྱུད་འབུམ་གྱི་ལུང་ཞུ་མཁན་གྲལ་ལ་ཡོད། ཀཿ ཐོག་གི་ཕྱོགས་ལ་སྐུ་འབུམ་ཟེར་མཁན་ཞིག་ཡོད་རེད། དེའི་སྒང་ལ་དམ་གཙང་བྱམས་གསུམ་གྱི་ལྷ་ཁང་ཞིག་ཡོད་རེད། སྐབས་དེ་དུས་དེ་ཉམས་གསོ་ཡོངས་སུ་ཚར་མི་འདུག ང་ཚོས་རྙིང་མའི་རྒྱུད་འབུམ་གྱི་ལུང་ཞུས་མོས་ཐོག ཀཿ ཐོག་རྨོག་རྩ་རིན་པོ་ཆེ་དང་ལྷན། སྐུ་འབུམ་བར་དུ་ཤིང་ཆ་འདྲ་པོ་ཁུར་ནས་དེ་འདྲའི་ཞབས་ཏོག་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་ནས་འབྲེལ་བ་བྱ་རྒྱུ་བྱུང་སོང་། དེ་ཡིན་དུས་དམ་གཙང་བྱམས་གསུམ་ཟེར་དུས། དམ་ཟེར་ན་ཀཿ དམ་པ་བདེ་གཤེགས་དང་། གཙང་སྟོན་པ། བྱམས་པ་འབུམ་བཅས་གསུམ་རེད། ཀཿ ཐོག་གི་བསྟན་པའི་འབྱུང་ཁུངས་འདྲ་པོ་ཆགས་བསྡད་ཡོད་རེད། དེ་ཡིན་དུས། སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་ཀྱིས་གསུངས་པ་ལྟར་ན། དམ་པ་བདེ་གཤེགས་དེ་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་དང་། གཙང་སྟོན་པ་དེ་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ། བྱམས་ཆེན་དེ་ཉིད་ཕྱག་རྡོར་གྱི་རྣམ་སྤྲུལ་བཅས་རིགས་གསུམ་མགོན་པོའི་རྣམ་སྤྲུལ་རེད་འདུག དེ་འདྲའི་ཐོག་ནས་ཀཿ ཐོག་གི་བསྟན་པ་དེ་མར་རྒྱུན་མ་ཆད་པར་ཡོང་ནས་ཀཿ ཐོག་བླ་རབས་བཅུ་གསུམ་དང་། དྲུང་རབས་བཅུ་གསུམ་སོགས་ནོར་བུའི་ཕྲེང་བ་ལྟར་བླ་མ་བསམ་གྱིས་མི་ཁྱབ་པ་མང་པོ་ཞིག་བྱོན་ནས་ད་ལྟ་ལོ་ ༩༠༠ ལྷག་འགྲོ་བཞིན་ཡོད་པ་རེད། དུས་ཚོད་དེ་འདྲ་འགྲོ་གི་ཡོད་རེད། དུས་ཚོད་དེ་དུས་སྐབས་བལྟས་པ་ཡིན་ན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་དང་། གཙོ་བོ་དེ་འགྲོ་བར་བདེ་སྐྱིད་ཐོབ་རྒྱུ་དེ་གཞི་ལ་བཞག་ཡོད་རེད།
ནང་ཆོས་ཐོག་ནས་བཤད་ཡོང་དུས། ༧རྒྱལ་བ་རིན་པོ་ཆེས་ཡང་ཡང་བཀའ་སློབ་ཕེབས་བསྡད་པ་ཞིག་ལ། ང་ཚོའི་ལུང་རྟོགས་ཀྱི་བསྟན་པ་གཉིས་དེ་བཤད་སྒྲུབ་ཀྱི་ཐོག་ནས་འཆད་ཉན་རྒྱུན་འཛིན་བྱེད་དགོས་པ། དེ་ཡང་སློབ་དཔོན་དབྱིགས་གཉེན་གྱིས་ལུང་དེ་དྲངས་ནས་ང་ཚོས་བཤད་སྒྲུབ་གཉིས་ཁོ་ནའི་ཐོག་ནས་བསྟན་པ་འཛིན་སྐྱོང་གནང་དགོས་པའི་དགོངས་པ་བཞེས་པ་གཞིར་བཟུང་། ཀཿ དམ་པ་བདེ་གཤེགས་ཀྱིས་སྐབས་དེ་དུས་ཀཿ ཐོག་དགོན་པར་སྲིབ་རི་དང་། ཉིན་རི་ཞེས་གཉིས་ཕྱེ་ནས་ཕྱོགས་གཅིག་ལ་བཤད་གྲྭ་དང་། གཞན་དེར་སྒྲུབ་གྲྭ་བྱས་ནས་གཞུང་བཤད་དང་དབང་ལུང་ཁྲིད་གསུམ་གནང་རྒྱུ་སོགས་གནང་འདུག དེ་བཞིན་དབྱར་ཐོག་ལ་འཆད་ཉན་གནང་རྒྱུ་གནང་འདུག་པ་དང་། དགུན་ཐོག་ལ་དབང་ལུང་ཁྲིད་གསུམ་གནང་རྒྱུ་སོགས་བསྟན་པའི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་རེད། དེ་བཞིན་ཀཿ ཐོག་པའི་རྗེས་འཇུག་ཙམ་མ་ཡིན་པར་བོད་ནང་བྱུང་བའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཚང་མས་དམིགས་དཔེ་བལྟ་ས་འདྲ་པོ་ཞིག་ཆགས་ཀྱི་ཡོད་རེད། ད་རེས་ཀཿ དམ་པ་བདེ་གཤེགས་སྐུ་འཁྲུངས་ནས་ལོ་ངོ་ ༩༠༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་དེ་ཡང་ཡག་པོ་ཞེ་པོ་བྱུང་ཡོད་རེད་བསམ་གྱི་འདུག དམ་པ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་བསྟན་པར་སྐུ་ངལ་ཇི་ཙམ་བསྐྱོན་པ་རྣམས་ལ་མིག་དཔེར་བལྟས་ཏེ། ང་ཚོ་སྐྱ་སེར་ཡོངས་ཀྱིས་བསྟན་པ་ཡུན་རིང་གནས་རྒྱུར་སོ་སོའི་ངོས་ནས་བློས་གཏོང་གང་བྱེད་དགོས་པ་དང་། ཞབས་འདེགས་གང་ཞུ་དགོས་པའི་ཐོག་བསམ་བློ་གཏོང་རྒྱུ་དང་། དེ་ལྟར་བྱུང་ན་དུས་དྲན་དེ་ཡང་དོན་དང་ལྡན་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག
རྙིང་མའི་མ་དགོན་ཆེན་པོ་དྲུག་ཟེར་ནས་སྟོད་ལ་རྡོར་སྨིན་གཉིས་དང་། བར་ལ་ཞེ་རྫོགས་གཉིས། སྨད་ལ་ཀཿ དཔལ་གཉིས། གདན་ས་དྲུག་གི་ཡ་གྱལ་ཞིག་ཆགས་བསྡད་ཀྱི་ཡོད་དུས་རྒྱུན་དུ་༧རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་རེད། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། ། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། ། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཞེས་བསྟན་པ་དེ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་བྱ་རྒྱུ་གལ་ཆེན་པོ་ཆགས་བསྡད་ཀྱི་ཡོད་རེད། དེང་སང་རིགས་གཅིག་གིས་ཐོག་ནས་དེ་ང་ཚོའི་སྤྱི་ཚོགས་དང་འབྲེལ་བ་མེད་པ་འདྲ་པོ་གསུང་བསྡད་མཁན་དེ་འདྲ་ཡོང་གི་འདུག དེ་འདྲ་རྩ་བ་ནས་མ་རེད། སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད་པ་དེ་ཡང་ཉོན་མོངས་འདུལ་བྱེད་ཀྱི་གཉེན་པོ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པར་འགྲེལ་བཤད་བརྒྱབ་ཀྱི་ཡོད་རེད། དེང་སང་ཚན་རིག་པ་ཞིབ་འཇུག་གནང་མཁན་མང་པོ་ཞིག་གིས་ནང་སེམས་ཀྱི་འགྲོ་སྟངས་དང་། བྱམས་དང་བརྩེ་བ། ལྷག་པར་དུ་དྲན་པ་གཉེར་གཞག་བཞིའི་ཐོག་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་མ་ཟད། ཐ་སྙད་ཀྱང་འདི་ག་རང་བེད་སྤྱོད་བཏང་ནས་ཉམས་ལེན་གནང་གི་ཡོད་རེད། དེས་སོ་སོའི་བསམ་བློའི་འཁྱེར་སོ་དང་། མི་ཚེ་ལ་འབྲེལ་བ་ཡོད་པ་མ་ཟད། སོ་སོར་ཕན་ཐོགས་ཀྱི་ཡོད་རེད། ནང་ཆོས་ལ་སྦྱངས་པའི་ཐོག་ནས་སོ་སོའི་མི་ཚེའི་ནང་ཉམས་ལེན་གནང་ན་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད་པ་གསལ་པོ་རེད། དེ་ཡང་ཐོག་མར་སོ་སོའི་ངོས་ནས་དངོས་སུ་བླ་མ་བསྟེན། དེ་ནས་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ལྷག་ཡོད་པ་དེ་དག་ལ་སློབ་སྦྱོང་གནང་ནས་རིམ་པས་ཉམས་ལེན་གནང་དགོས་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་ཆོས་ཟེར་དུས་གྲྭ་བཙུན་རྐྱང་པས་ཉམས་ལེན་བྱ་རྒྱུའི་བསམ་བློ་ཞིག་ཡོད་པ་རེད། ངས་བལྟས་ནས་དེ་འདྲ་རྩ་བ་ནས་མ་རེད། ཆོས་ཟེར་ན། སོ་སོའི་མི་ཚེ་བཟང་པོ་ཞིག་བསྐྱལ་རྒྱུ་དང་། མི་གཞན་ལ་ཕན་ཐོགས་ཐུབ་པའི་བྱ་བ་བསྒྲུབ་རྒྱུའི་ནུས་པ་དེའི་ཐོག་ནས་ཡོང་གི་ཡོད་རེད། དེ་འདྲའི་ཐོག་ནས་སྤྱི་ཚོགས་ནང་གཞན་ཕན་བྱ་བ་ཤུགས་ཆེན་པོ་བསྒྲུབ་ཐུབ་ཀྱི་རེད།
ཆབ་སྲིད་ཐོག་ནས་བལྟས་པ་ཡིན་ནའང་། བོད་སིལ་བུར་འཐོར་བའི་རྗེས་ལ་སོག་པོས་དབང་བསྒྱུར་བྱས་པ་དང་། ས་སྐྱ་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་དབང་བསྒྱུར་གནང་བ་དེ་ཡང་ཆོས་ཀྱི་ཐོག་ནས་ཡོང་བསྡད་པ་ཞིག་ཆགས་བསྡད་ཀྱི་ཡོད་རེད། བོད་སིལ་བུར་འཐོར་བའི་རྗེས་ལ་བོད་ཀྱི་ཆོས་དང་། རིག་གཞུང་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་བཀུར་བཟོ་ཆེན་པོ་གནང་བསྡད་པའི་གནས་སྟངས་ཤིག་ཆགས་ཡོད་རེད། དེ་ཉམས་སོང་བ་ཡིན་ན། མི་ཤི་ན་རོ་ཟེར་བ་འདྲ་པོ་ཆགས་ཀྱི་ཡོད་རེད། ༧རྒྱལ་བ་རིན་པོ་ཆེས་རྒྱ་ཧོར་བོད་གསུམ་ནང་སངས་རྒྱས་ཀྱི་བསྟན་པ་དེ་མི་ཉམས་གོང་སྤེལ་དང་། ཉམས་པ་སླར་གསོ་གནང་དགོས་པའི་བཀའ་སློབ་ཕེབས་བསྡད་ཀྱི་ཡོད་རེད། དགོངས་གཞི་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡིན་དུས། ང་ཚོས་སངས་རྒྱས་ཀྱི་བསྟན་པ་འདི་ཉིད་སོ་སོོའི་མི་ཚེ་དང་འབྲེལ་བ་འདུག་བསམ་པ་ཙམ་མ་ཡིན་པར། བོད་མི་རིགས་ཀྱི་རྒྱལ་ཁབ་དང་། ཆོས་དང་རིག་གཞུང་བཅས་དང་འབྲེལ་བ་ཡོད་བསམས་ནས་དེར་བློ་ཉེ་པོ་ཡོང་དགོས་པ་མ་ཟད། སོ་སོའི་ངོས་ནས་འབད་བརྩོན་གནང་དགོས་ལ། སོ་སོའི་ཕྲུ་གུ་ཡིན་ནའང་དེའི་ཐོག་སྦྱངས་པ་གནང་འཇུག་པ་ཡིན་ན། ཉིན་ཞིག་བོད་དོན་བདེན་མཐའ་གསལ་ནས་གཞིས་བྱེས་མཉམ་འཛོམས་བྱུང་བའི་དུས་ཚོད་ཅིག་ཤར་བའི་ཚེ། དེ་འདྲ་བའི་རིན་ཐང་ཆེན་པོ་ཡོད་པའི་བོད་ཀྱི་ཆོས་དང་། རིག་གཞུང་དེ་ང་ཚོས་གཅེས་ཉར་ཐུབ་ཡོད་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དང་། ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་བོད་ཟེར་དུས་དམིགས་བསལ་ཁྱད་པར་བ་ཞིག་ལ་ངོས་འཛིན་གནང་གི་ཡོད་རེད། དེ་ཡང་གཅིག་ནས་གཙོ་བོ་༧རྒྱལ་བ་རིན་པོ་ཆེའི་ཐོག་ནས་ཡོང་གི་ཡོད་པ་དང་། དེ་དང་མཉམ་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཐོག་ནས་ཡོང་གི་ཡོད་རེད། དེ་འདྲའི་རིག་གཞུང་བརླག་སོང་བ་ཡིན་ན། གཟི་བརྗིད་ཁོག་སྟོང་ཟེར་བ་ལྟར་གཞན་གྱིས་བརྩི་བཀུར་བྱ་ཡུལ་ཡང་མེད་པ་འདྲ་པོ་ཆགས་འགྲོ་ཡི་རེད། ངས་ཞུ་དོན་གཙོ་བོ་ནི། ང་ཚོ་དེ་རིང་དགུ་བརྒྱའི་དུས་དྲན་སྲུང་བརྩི་དང་། བོད་ཀྱི་ཆོས་དང་རིག་གཞུང་དབར་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་དུས། འདས་པའི་ལོ་དགུ་བརྒྱའི་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་བྱུང་ཡོད་རེད། མ་འོངས་པར་ལོ་དགུ་བརྒྱ་ལྷག་གནས་ཐུབ་རྒྱུར་ང་ཚོའི་ངོས་ནས་ཞབས་འདེགས་ཞུ་རྒྱུའི་ཐོག་དགོངས་པ་བཞེས་དགོས་ལ། སོ་སོའི་ཕྲུ་གུ་རྣམས་ལ་ཉིན་རེ་བཞིན་བློ་ཉེ་པོ་ཡོང་ཐབས་བྱས་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་རྒྱུར་ཚང་མས་དགོངས་པ་བཞེས་དགོས་འདུག་ཅེས་ཞུ་རྒྱུ་ཡིན།
ད་རེས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཁང་གི་འགན་འཛིན་ཉམས་ཞིབ་པ་འཇུ་བསྟན་སྐྱོང་ལགས་ཀྱིས་ཀཿ དམ་པ་བདེ་གཤེགས་ཀྱི་རྣམ་ཐར་ཕྱོགས་བསྡུས་གནང་ནས་ང་ཚོའི་མིག་ལམ་དུ་བལྟ་རྒྱུ་བྱུང་བ་དེ་ཧ་ཅང་གི་བསྐལ་པ་བཟང་པོ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། ལོ་རྒྱུས་ནང་ཀཿ དམ་པ་བདེ་གཤེགས་ཀྱི་གསུང་འབུམ་པོད་བཅུ་དགུ་ཡས་མས་ཞིག་ཡོད་རེད་ཅེས་གསུང་གི་ཡོད་ཀྱང་། དེང་སང་བལྟས་པ་ཡིན་ན་པོད་ཁ་ཤས་མ་གཏོགས་མཇལ་རྒྱུ་ཡོད་མ་རེད། ད་རེས་ཀཿ དམ་པ་བདེ་གཤེགས་ཀྱི་རྣམ་ཐར་ཕྱོགས་བསྡུས་གནང་བ་དེས་ཀཿ ཐོག་པ་གཅིག་པུར་མ་ཡིན་པར། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། བྱེ་བྲག་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ལའང་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་ཡིན་དུས་རྩོམ་པ་པོ་གཙོས་པའི་འབྲེལ་ཡོད་ཡོངས་ལ་ལེགས་སོའི་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ཀཿ ཐོག་གཞིས་ཆགས་ཐོག་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་ནུས་པ་མཉམ་སྤུངས་ཡག་པོ་གནང་བསྡད་ཀྱི་འདུག ཀཿ ཐོག་དགོན་པའི་ཕྱི་ནང་གསུམ་གྱི་ཕྱག་ལས་གང་ཡིན་ནའང་ཚང་མས་མུ་མཐུད་ཕྱར་གྲུ་མཉམ་འདེགས་ཀྱིས་བོད་ཀྱི་ཆོས་དང་། རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་ཐུབ་རྒྱུར་དགོངས་པ་བཞེས་གནང་རོགས་ཞེས་ཞུ་རྒྱུ་ཡོད། མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
གཞན་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་མཆོག་དང་། སྟང་རིན་པོ་ཆེ་མཆོག རྙིང་མ་ཀཿ ཐོག་དགོན་པའི་རྒྱ་ཤོད་སྐྱབས་སྤྲུལ་རིན་པོ་ཆེ་མཆོག སྔ་འགྱུར་ཀཿ ཐོག་གཞི་ཆེན་བཻ་རོ་གླིང་གི་མཁན་རིན་པོ་ཆེ་མཆོག ཆོས་རིག་བཀའ་བློན་གྱི་སྐུ་ཚབ་བཅས་ནས་ཀཿ དམ་བདེ་གཤེགས་ཀྱི་རྣམ་ཐར་ཕྱག་དཔེ་དབུ་འབྱེད་དང་། དེ་རྗེས་ཉམས་ཞིབ་པ་འཇུ་བསྟན་སྐྱོང་ལགས་ཀྱིས་ཀཿ དམ་པའི་རྣམ་ཐར་ཕྱག་དཔེ་ངོ་སྤྲོད་དང་། ཀཿ ཐོག་ཆོས་བརྒྱུད་ཀྱི་བྱུང་རབས་ངོ་སྤྲོད་གནང་སོང་།
དེ་བཞིན་མཛད་སྒོའི་ཐོག་༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། སྟང་རིན་པོ་ཆེ་མཆོག ཆོས་རིག་དྲུང་འཕར་ཀུན་དགའ་རྒྱལ་མཚན་ལགས་བཅས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། ཁམས་ཀཿ ཐོག་གཞིས་འགོ་ནས་ཁམས་ཀཿ ཐོག་བོད་མིའི་གཞིས་ཆགས་སྐོར་ངོ་སྤྲོད་གསུང་བཤད་གནང་སོང་། མཐར་སྐུ་མགྲོན་རྣམས་ལ་མཛད་སྒོ་གོ་སྒྲིག་ཚོགས་ཆུང་ནས་རྗེས་དྲན་ཕྱག་རྟགས་ཕུལ་རྗེས། ཁམས་ཀཿ ཐོག་གཞིས་ཆགས་ཀྱི་ཚོགས་པའི་ཚོགས་གཙོ་ཀུན་དགའ་ཚེ་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་སྒོ་གྲོལ་ཡོད། ཉིན་རྒྱབ་བརྗོད་གཞིའི་འདྲ་མིན་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་གངས་ཅན་པའི་བསྟན་པའི་བྱུང་རིམ་སྐོར་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་བཅས། །