༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། ཨ་རིའི་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཤེས་བྱ་དང་གོ་རྟོགས་ཀྱི་ལས་གཞི་རྒྱ་ཆེ་སྤེལ་མཁན་ (Article3.org) ཞེས་པའི་བསྟི་གནས་ཁང་གིས་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ (Human Rights Global Treasure Award) ཞེས་པ་ཞིག་ཕུལ་གནང་བར། ཕྱི་ཚེས་ ༡༢ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་འདུག
འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཕུལ་བའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་བྱུང་། སྐུ་ཉིད་ནས་མང་གཙོ་དང་། ཞི་བདེ། རང་དབང་། འདྲ་མཉམ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་སྐུ་ཚེ་ཧྲིལ་པོར་ཕྱག་ལས་གནང་བར་ངོས་འཛིན་གྱིས་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨིན་ཡུལ་གྱི་འཇོན་ཊེམ་པལ་ཊོན་གཟེངས་རྟགས། ལིན་ཀོན་གཟེངས་རྟགས། གན་དྷིའི་ཞི་བདེའི་གཟེངས་རྟགས་སོགས་ཕུལ་གནང་ཡོད་པ་དང་། དེ་བཞིན་ད་རེས་(Article3.org) ཞེས་པའི་བསྟི་གནས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་བཅས་ཕུལ་གནང་ཡོད། ངས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་ནི་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་ཞིང་། དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་བསྒྱུར་གནང་རྒྱུར་རྒྱ་ནག་གཞུང་གིས་ལྷོ་ཨ་ཕི་རི་ཀའི་གཞུང་ལ་གནོན་ཤུགས་སྤྲད་དེ་འགོག་རྐྱེན་བཟོས་པར་སྐུ་ཉིད་ནས་སྐྱོན་བརྗོད་གནང་བ་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོལ་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་ཡོད་སྟབས་རྒྱལ་སྤྱིའི་དབུ་འཁྲིད་ཁག་ལ་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལོམ་པིག་རྩེད་འགྲན་འཚོགས་རྒྱུར་བཀག་འགོག་བྱེད་དགོས་པའི་ཞུ་སྐུལ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་སླད་བཞུགས་སྒར་རྡ་སར་ཐེངས་གཉིས་ཆེད་ཕེབས་གནང་ཡོད།
སྐུ་ཉིད་དང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབར་མཛའ་གྲོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་དུ་སྐུ་ཉིད་ནི་འཛམ་གླིང་ནང་བྱམས་པ་དང་། ཞི་བདེ་ཁྱབ་སྤེལ་གནང་མཁན་གྱི་སྙན་གྲགས་ཆེ་བའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ཡིན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་བརྟན་པོ་གནང་མཁན་ཞིག་དང་། སྨྲ་བརྗོད་རང་དབང་མེད་པའི་མི་མང་གི་མགྲིན་ཚབ་གནང་སྟེ་མི་རིགས་དབྱེ་འབྱེད་ལ་ངོ་རྒོལ་གནང་མཁན་ཞིག་ཀྱང་ཡིན།
སྐུ་ཉིད་ནས་སོ་སོའི་རྒྱལ་ཁབ་ནང་མི་རིགས་དབྱེ་འབྱེད་མེད་པར་ཚང་མར་དྲང་བདེན་ཡོང་རྒྱུར་ནུས་པ་ཆེན་པོ་བཏོན་པ་ཙམ་མ་ཟད། འཛམ་གླིང་ནང་བཙན་གནོན་འོག་ཡོད་པའི་མི་རིགས་ཀྱི་གནས་སྟངས་ཐོག་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་སྤྲད་གནང་ཡོད། སྐུ་ཉིད་ནི་བཟོད་བསྲན་གུ་ཡངས་དང་། གཞན་ཕན་གྱི་ལྟ་བ་འཛིན་མཁན། རླབས་ཆེ་བའི་དབུ་འཁྲིད་ཀྱི་དཔེ་མཚོན་ཞིག་ཡིན། སྐུ་ཉིད་ཀྱི་འཛམ་གླིང་ནང་ཞི་བདེ་གོང་འཕེལ་ཡོང་རྒྱུའི་ཐོག་གི་ཆོད་སེམས་དང་། དབུ་འཁྲིད་གནང་ཕྱོགས། མི་གཤིས་བཅས་ལ་ང་ཚོས་རྟག་ཏུ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད།
སྐུ་ཉིད་ནས་བོད་དོན་ཐོག་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བ་དང་། ལྷག་པར་དུ་མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཕྱག་ལས་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་གནང་འདུག་པ་བཅས། །