ལྷོ་ཕྱོགས་ཞུ་སྐུལ་ཚོགས་ཆུང་གིས་སྤོན་གྲི་ཅ་རིའི་ཕྱོགས་སུ་བོད་དོན་ཞུ་སྐུལ་གནང་བ།

 

རྒྱ་གར་ལྷོ་ཕྱོགས་ཞུ་སྐུལ་ལས་འགུལ་ཚོགས་ཆུང་གིས་”སྤོན་གྲི་ཅ་རིའི་”མངའ་སྡེ་འཛིན་སྐྱོང་བློན་ཆེན་དང་།  གྲོས་ཚོགས་ཚོགས་གཙོ། དེ་བཞིན་གནད་ཡོད་མི་སྣ་བཅས་ལ་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་པ་རེད།

དེ་ཡང་ཕྱི་ཚེས་ ༡༨  ཉིན་གྱི་ཚོུད་ ༢  པའི་ཐོག”ཏ་མིའི་རྫི་སམ་གམ་”ཚོགས་ཁང་དུ་ཧིན་བོད་མཛའ་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་རིགས་ ༢༣ དང་། རྒྱ་གར་མི་མང་ ༢༠༠ ཙམ་འདུ་འཛོམས་ཐོག་མངའ་སྡེ་འཛིན་སྐྱོང་བློན་ཆེན་”ཐེ་རུབ་ཨན་ར་ག་ས་མིས”མཆོག་ཆེད་ཕེབས་ཀྱིས་མཇལ་འཕྲད་གནང་བ་དང་།  བོད་མི་མང་སྤྱི་འཐུས་ཚོས་བོད་དོན་སྤྱི་དང་། ལྷག་པར་ད་ལྟའི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་ཞུས་པས།   བློན་ཆེན་མཆོག་གིས་བོད་དང་རྒྱ་གར་གཉིས་ཆོས་དང་རིག་གཞུང་གང་གི་ཐོག་ནས་ཞུས་ཀྱང་སྤུན་ཟླ་ནང་བཞིན་ཡིན་ཞིང་།  བོད་ལ་དཀའ་སྡུག་ག་རེ་འཕྲད་ཀྱང་རྒྱ་གར་གྱི་རྒྱབ་སྐྱོར་ཡོད་པ་དང་།  རྒྱ་གར་གཞོན་སྐྱེས་ཚོས་ངེས་པར་དུ་དེ་དག་ལ་ཐུགས་སྣང་གནང་ནས་རྒྱབ་སྐྱོར་བྱེད་དགོས་སོགས་གདུང་སེམས་མཉམ་སྐྱེད་ཀྱི་བཀའ་སློབ་གནང་བ་དང་། བོད་མི་མང་སྤྱི་འཐུས་རྣམས་ལ་དགའ་བསུའི་སྣེ་ལེན་དང་གཞུང་འབྲེལ་གསོལ་ཚིགས་ཕུལ་བ་སོགས་བོད་དོན་ཐོག་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་གནང་།  ཕྱི་དྲོ་ཚོུད་ ༥ པའི་ཐོག “ཨ་རོ་བིལ་ཚོགས་སྡེ་ནང་”ཕ་རིན་སི་ཁུལ་ལོབ་ཁྲི་ཨབ་ཕེ”མཆོག་གི་མགྲོན་བརྡ་འབྱོར་བ་ལྟར་བཅར་བ་དང་། དེར་རྒྱལ་ཁབ་ཁག་མི་འདྲ་བ་ ༡༣ ནས་ཕེབས་པའི་ཕྱི་རྒྱལ་མཁས་དབང་གིས་གཙོས་ཚོགས་བཅར་བ་མི་སྣ་ལྔ་བཅུ་ཙམ་འཛོམས་ཡོད་པར། སྤྱི་འཐུས་ཚོས་འདས་པའི་བོད་ཀྱི་ལོ་རྒྱུས།  ད་ལྟའི་ཛ་དྲག་གི་གནས་སྟངས།  མ་འོངས་མངོན་འདོད་བཅས་གསལ་འགྲེལ་ཞུས་པས།  ཁོང་རྣམས་ཀྱིས་ཁྱེད་རང་ཚོའི་འདས་པའི་ལོ་རྒྱུས་ང་ཚོས་ཤེས་ཀྱི་ཡོད་ལ།  ད་ལྟའི་ཛ་དྲག་ལ་ཐུགས་འཚབ་ཡོད།   མ་འོངས་པའི་མངོན་འདོད་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་པ་སོགས་གདུང་སེམས་མཉམ་སྐྱེད་མཚོན་པའི་བཀའ་མོལ་ཤུགས་ཆེ་གནང།

ཕྱི་ཚེས་ ༡༩ ཉིན་གྱི་ཕྱེད་ཡོལ་ཚོུད་༣ པའི་ཐོག་གྲོས་ཚོགས་ཚོགས་གཙོ་”ཨར་ར་རྡ་ཀུར་ཤིས་ནམ་”མཆོག་དང་མཇལ་ཏེ་སྔར་བཞིན་བོད་དོན་སྐོར་ངོ་སྤྲོད་ཞུས་པས། ཁོང་གིས་ཁྱེད་རང་ཚོའི་གནས་ཚུལ་ཤེས་ཀྱི་ཡོད། གང་གསུངས་པ་དེ་བདེན་པ་རེད།  ང་ཚོས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་པར་མ་ཟད།  ཆེ་མཐོང་ཆེན་པོའི་ངང་སྣེ་ལེན་ཟབ་རྒྱས་གནང་།     ཕྱི་དྲོ་ཚོུད་༥་༣༠ ཐོག་”ཨར་ཝེན་རྡོ་ཨ་ཞོམ”་སྤྱི་ཁྱབ་ལས་ཁུངས་ནང་འགན་འཛིན་”མོ་ནོ་ཇི་རྡ་སི་རྒུག་ཏ་”མཆོག་དང་མཇལ་བ་དང་།  ཁོང་གི་དགའ་བསུའི་སྣེ་ལེན་དང་།  ཚོགས་པའི་རྒན་རབས་དམ་པ་”མ་རྡར་„(ཨ་མ་ལགས་)མཆོག་གིས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་གི་རེད་ལ་བོད་ཀྱི་བདེན་མཐའ་ཡང་མགྱོགས་པོ་གསལ་གྱི་རེད་ཅེས་གསུང་གི་རེད། མ་རྡར་མཆོག་གིས་༸གོང་ས་མཆོག་མཇལ་མྱོང་བར་མ་ཟད། དད་གུས་ཆེན་པོ་ཡོད་པ་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་རེད།  ང་ཚོ་ཨ་ཞིམ་གྱི་ངོས་ནས་དམ་པ་མ་རྡར་མཆོོག་གི་དགོངས་དོན་ལྟར་བོད་དོན་ལ་རྒྱབ་སྐྱོར་དང་བོད་པ་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་མཐར་”བོད་རྒྱལ་ལོ་”ཅེས་གསུངས་སོང་།

ལྷོ་ཕྱོགས་སྣེ་འཁྲིད་ཚོགས་ཆུང་ནས།  འབྲེལ་བ་གནང་ཡུལ 9738642339

Menu