ལྡི་ལི་ས་གནས་ཉེན་རྟོག་དཔོན་རིགས་སྐུ་ཞབས་སངས་ནོར་བུ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ།


༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༤ ཉིན་ལྡི་ལི་བསམ་ཡས་གླིང་ས་གནས་བརྒྱ་འཐུས་ལྷན་ལྡི་ལི་ས་གནས་ཉེན་རྟོག་དཔོན་རིགས་སྐུ་ཞབས་སངས་ནོར་བུ་ (Sang Norbu Mosobi,ACP) ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད།

དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སྐུ་ཞབས་སངས་ནོར་བུ་ལགས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྣེ་ལེན་ཕེབས་བསུ་ཞུས་གནང་བ་དང་། དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་གནང་གྲུབ་མཚམས། དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་ནང་གི་གནས་སྟངས་དང་། བཙན་བྱོལ་སྤྱི་ཚོགས་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་འཛམ་གླིང་ནང་བོད་དོན་ཐོག་གོ་རྟོགས་ཇི་ལྟར་སྤེལ་གནང་དང་། དེ་བཞིན་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་རྒྱབ་སྐྱོར་ཇི་ཐོབ་སོགས་ཀྱི་སྐོར། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གང་དང་གང་ནས་ཡོང་གི་ཡོད་པ་དང་། བོད་མིའི་ངོས་ནས་དཔལ་འབྱོར་འདུ་འགོད་ཇི་གནང་སྐོར་སོགས་གསལ་བཤད་དང་། དེ་མཚུངས་སྐུ་ཞབས་ཁོང་ནས་ལྡི་ལི་ནང་བོད་མི་རྣམས་ལ་དཀའ་ངལ་ནམ་འཕྲད་སྐབས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། སླད་མར་ཡང་མུ་མཐུད་རོགས་རམ་གང་ཐུབ་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་བཅས་ཀྱི་གནས་ཚུལ་དུ། །

 

 

Menu