ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་འཚམས་འདྲི་ཞུས་པ།

 

༄༅། །ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་ཐེངས་བཞི་པར་བདམས་ཐོན་བྱུང་བར། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་གནང་འདུག

མཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ནི་བོད་ཀྱི་གནད་དོན་ཐོག་ཐུགས་ཉེ་པོའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། སྐུ་ཉིད་ནས་ད་བར་བོད་དོན་ཐོག་འགྱུར་བ་མེད་པར་རྟག་ཏུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་གནང་རྒྱུའི་ཐོག་སྐུ་ཉིད་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་དབུ་འཁྲིད་གནང་ཕྱོགས་དང་། རྩ་དོན་ཐོག་ཕྱག་ལས་གནང་རྒྱུའི་ཆོད་སེམས་ལ་ང་ཚོས་རྟག་ཏུ་ཡི་རངས་ཞུ་གི་ཡོད།

སྐུ་ཉིད་ནི་མང་གཙོ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཞིག་ཡིན། ད་རེས་སྐུ་ཉིད་སླར་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བ་དེས་སྐུ་ཉིད་ཀྱི་དབུ་འཁྲིད་གནང་ཕྱོགས་ལ་མི་མང་གིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་མཚོན་ཐུབ། སྐུ་ཉིད་ནི་ལྷག་བསམ་དང་། དྲང་བདེན། རྒྱལ་ཁབ་དང་མི་རིགས་ཆེད་བློས་གཏོང་ཆེན་པོ་གནང་མཁན་གྱི་དབུ་འཁྲིད་ཅིག་ཡིན་པ་ནི་བསྔགས་འོས་སུ་གྱུར་བ་ཞིག་ཡིན།

ངས་དམིགས་བསལ་བོད་ནང་ཡོད་པའི་གཞིས་བཞུགས་རྒྱ་ཆེའི་མང་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་སྐུ་ཉིད་ནས་ག་དུས་ཡིན་ནའང་བདེན་པའི་ཕྱོགས་སུ་ལངས་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་དབུ་འཁྲིད་ལམ་སྟོན་དང་། ཨ་རིའི་གཞུང་གིས་རྒྱབ་སྐྱོར་འོག་བོད་ཀྱི་གནད་དོན་གང་མགྱོགས་གསལ་ཐུབ་པའི་རེ་བ་ཞུ་གི་ཡོད།

ངས་སླར་ཡང་སྐུ་ཉིད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །

Menu