༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༣༠ རེས་གཟའ་པ་སངས་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་མདུན་དུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་བདམས་ཐོན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་རིམ་པས་ལས་འཁུར་དམ་འབུལ་ཞུས་གནང་སོང་།
དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བཀའ་ཟུར་ཀརྨ་ཡེ་ཤེས་ལགས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོར་བདམས་ཐོན་བསྐོ་གཞག་དང་། བོད་ཁྱིམ་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་ལྷག་པ་རྒྱལ་མཚན་ལགས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བཅས་བྱུང་བ་དང་།
དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་གྲོས་ཚོགས་ཚོགས་ཁང་ནང་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་མཇལ་དར་བསྒྲོན་འབུལ་དང་།
དེ་རྗེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་བདམས་ཐོན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་གཅིག ནང་གསེས་ ༣ པ། “ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས།“ ཞེས་པའི་དགོངས་དོན་ལྟར། དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་དང་། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་སོང་།
དེ་ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་དཀར་གཙང་མཇལ་དར་བསྒྲོན་འབུལ་ཞུས་རྗེས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བདུན། ནང་གསེས་ ༢ པ། “ སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་བྱེད་དགོས།“ ཞེས་པའི་དགོངས་དོན་ལྟར། དཔལ་ལྡན་ཚོགས་གཙོ་མཆོག་གི་མདུན་ནས་ལས་འཁུར་དམ་འབུལ་དང་། དམ་འབུལ་མ་དེབ་ཐོག་མཚན་རྟགས་བཀོད་གནང་སོང་།
དེ་རྗེས་སྤྱི་ལྷན་ཚོམས་ཆེན་ནང་དཔལ་ལྡན་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་མཆོག དཔལ་ལྡན་ཚོགས་གཞོན་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་བཅས་ནས་ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་དང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་ལགས་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་བསྒྲོན་འབུལ་ཞུས་རྗེས། རྟེན་འབྱུང་གསོལ་ཇ་དང་། འབྲས་སིལ་འདེགས་འབུལ་ཞུས་ཏེ། ཐེངས་འདིའི་དམ་འབུལ་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས།