ལག་ནའོ་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཌའོ་ཇི་གྷུབ་ཏ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢ ཉིན་ལག་ནའོ་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་འབུམ་རམས་པ་སྐུ་ཞབས་ཌའོ་ཇི་གྷུབ་ཏ་ (Dr. Dauji Gupta, Former Mayor of Lucknow) མཆོག་དགུང་གྲངས་ ༨༡ ཐོག་སྐུ་ཚེའི་འཕེན་པ་རྫོགས་པར། ཕྱི་ཚེས་ ༣ ཉིན་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་དམ་པ་ཁོང་གི་ཤུལ་ལུས་ནང་མི་དང་། རྗེས་འབྲངས་པ་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། ལག་ནའོ་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་དང་། རྒྱལ་སྤྱིའི་རྩ་ཁྲིམས་དང་གྲོས་ཚོགས་ཚོགས་ཆུང་ (World Constitution and Parliament Association (WPCA)) ཞེས་པའི་ཚོགས་གཞོན། འཛམ་གླིང་གྲོང་སྡེ་སྤྱི་ཁྱབ་ཚོགས་པ་ (World Mayor Organisation) ཞེས་པའི་ངེས་སྟོན་པ། ཡུ་པི་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཙོ། ཡུ་པི་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི། མོ་དྷི་ལལ་དྲན་རྟེན་ཚོགས་པའི་ (Motilal Memorial Society ) ཚོགས་གཙོ། ཧིིིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བཅས་གནང་མྱོང་མཁན་འབུམ་རམས་པ་སྐུ་ཞབས་ཌའོ་ཇི་གྷུབ་ཏ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་།

དམ་པ་ཁོང་གིས་ཕྱི་ལོ་ ༡༩༧༡ ནས་ ༡༩༩༢ བར་ཡུ་པི་མངའ་སྡེའི་ལག་ནའོ་གྲོང་སྡེའི་སྤྱི་ཁྱབ་ཐེངས་གསུམ་གནང་བ་མ་ཟད། དམ་པ་ཁོང་ནི་ལག་ནའོ་ལོ་རྒྱུས་དང་རིག་གཞུང་ཐོག་རྒྱུས་མངའ་ཧ་ཅང་གཏིང་ཟབ་ཡོད་སྟབས། ཚང་མས་ལག་ནའོ་ལོ་རྒྱུས་ཀྱི་ཡབ་ཆེན་དུ་འབོད་ཀྱི་ཡོད། དེ་བཞིན་དམ་པ་ཁོང་གིས་ཧིན་དིའི་སྐད་ཡིག་གོང་སྤེལ་ཚོགས་པ་མང་པོ་སྣེ་ཁྲིད་དང་། ལག་ནའོ་གྲོང་ཁྱེར་དེ་བཞིན་དེང་རབས་ཅན་གྱི་གྲོང་ཁྱེར་ལ་བསྒྱུར་རྒྱུར་འགན་རྐང་གཙོ་བོ་བཞེས་ཡོད། དམ་པ་ཁོང་སྐུ་གཤེགས་པ་དེས་རྒྱ་གར་གཞུང་མང་གཉིས་ལ་གྱོང་གུད་ཆེན་པོ་ཕོག་པ་མ་ཟད། ལག་ནའོ་གྲོང་ཁྱེར་མི་མང་ལ་དེ་བས་ཀྱང་གྱོང་གུད་ཕོག་ཡོད།

འབུམ་རམས་པ་སྐུ་ཞབས་ཌའོ་ཇི་གྷུབ་ཏ་མཆོག་ནི་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཞིག་ཡིན་ཞིང་། དམ་པ་ཁོང་གིས་ཧིིིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གནང་སྐབས། ལག་ནའོ་ལ་ཧིིིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་བསྐོང་ཚོགས་གནང་བ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་བཞུགས་སྒར་དུ་གོ་སྒྲིག་ཞུས་པའི་ཧིིིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་སོགས་ཧིིིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་ཡོངས་ལ་རྒྱུན་དུ་ནས་མཉམ་ཞུགས་གནང་གི་ཡོད།

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༨ ལོར་ལག་ནའོ་གྲོང་ཁྱེར་ལ་བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་གནད་ཆེ་ཚུལ་ཞེས་པའི་བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུས་པའི་ཐོག་དམ་པ་ཁོང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོདཔ་མ་ཟད། དམ་པ་ཁོང་ནས་ལག་ནའོ་ཁུལ་ལ་ཡོད་པའི་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་ཡོད། ང་རང་སྒེར་ལ་ཆ་མཚོན་ན། དམ་པ་ཁོང་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ལ་ཡང་ཡང་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་མྱོང་ཡོད། ཁོང་སྐུ་འཚོ་ཞུགས་སྐབས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །