རྒྱ་གར་སྦིར་ས་གནས་སུ་གནས་བཞུགས་ཕ་ཡུལ་ཁམས་འཇོ་མདའ་ནས་ཡིན་པའི་སྐུ་ཞབས་ཡེ་ཤེས་རྒྱལ་མཚན་ལགས། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་འདི་ག་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་དུ་ཕེབས་ཏེ་གནས་ཚུལ་མཁོ་སྤྲོད་གནང་དོན། ན་ནིང་རྒྱ་གཞུང་གི་འགོ་འཁྲིད་གསར་རྙིང་འཕོ་འགྱུར་བྱེད་ཉེའི་དུས་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོར་དམ་དྲག་ཆེན་པོ་བྱས་ཏེ། བོད་མི་མང་པོ་འཛིན་བཟུང་བཀག་ཉར་དང། ཁྲིམས་ཆད་བཙོན་འཇུག་བྱས་ཡོད་པ་དང།
ཉེ་ཆར་གནས་ཚུལ་ཁུངས་ལྡན་ཤེས་པ་ཞིག་ལ། ཕ་ཡུལ་ཁམས་འཇོ་མདའ་རྫོང་མཁར་སྒང་ཤང་། ཁྲི་ཚོ་གྲོང་། མཁའ་སློད་ཚང་གི་ཕ་སྐལ་བཟང་སངས་རྒྱས་དང། མ་བདེ་གཡང་གཉིས་ཀྱི་བུ་རང་ལོ་ ༢༠ སོན་པ་ངག་དབང་སྟོབས་ལྡན་ལགས་ལྷ་སར་བོད་ཀྱི་སྲོལ་རྒྱུན་རིག་གནས་ཐང་བྲིས་སྦྱོང་སྟེ་ལོ་གསུམ་ཙམ་ཕྱིན་པ་ཞིག། ཕྱི་ལོ་ ༢༠༡༢ ཟླ ༡༠ ཚེས་ ༢༡ ཉིན་ལྷ་ས་གྲོང་ཁྱེར་ཁ་ཆེ་ལྷ་ཁང་གི་ཉེ་འགྲམ་ནས་ཉེན་རྟོག་པས་ཞིབ་བཤེར་བྱས་སྐབས། རྩ་བའི་ཐོབ་ཐང་ལག་འཁྱེར་དང་མགྲོན་ཐོ་སོགས་ཆ་ཚང་ཡོད་ཀྱང། ལག་ཐོག་ཁ་པར་དུ་རང་ལུས་མེར་བསྲེགས་བཏང་བའི་པར་གཉིས་དང། བོད་ཀྱི་རྒྱལ་དར། སྲིད་གཞུང་གི་མང་ཚོགས་ལ་སྡུག་པོ་བཏང་བའི་པར་རིས་སོགས་ཡོད་པས། འཛིན་བཟུང་བྱས་ཏེ་ལྷ་ས་གྲོང་ཁྱེར་ཉེན་རྟོག་རུ་ཆེན་ནང་ཉིན་གཉིས་གསུམ་ཙམ་བཀག་ཉར་འདྲི་རྩད་བྱས་པ་དང། དེ་རྗེས་རྒུ་ཚ་བཙོན་ཁང་དུ་ཉིན་བདུན་ཙམ་འདྲི་རྩད་ཚ་ནན་བྱས་ཏེ་མཐར་པར་དེ་དག་མི་གཞན་ལ་བརྒྱུད་བསྐུར་བྱས་པ་ཁ་བླངས་ཚུལ་ལ་བསྙད་བཏགས་ཏེ། རྒྱལ་ཁབ་ལ་ངོ་ལོག་པ་དང། ཆབ་སྲིད་དྲིལ་བསྒྲགས་ལོག་པ་བྱས་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ཉེས་མིང་འོག་ལོ་གཉིས་བཙོན་འཇུག་བྱེད་རྒྱུའི་ཁྲིམས་ཐག་བཅད་དེ་ད་ལྟ་སྟོད་ལུང་གཞོང་པ་ལྷ་ཆུའི་ཉེ་འགྲམ་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག
ཡང་གནས་ཚུལ་མཁོ་སྤྲོད་པས་གསུང་གསལ་ལ། བཙོན་ཁང་དེའི་ནང་དུ་ད་དུང་ཆབ་མདོ་དང། ནག་ཆུ་ས་ཁུལ་གཙོས་པའི་བོད་མི་མང་པོ་ཞིག་ལོ་གཉིས་ནས་གསུམ་བར་ཁྲིམས་ཐག་བཅད་དེ་བཀར་ཉར་བྱས་ཡོད་པ་འབྲེལ་ཡོད་བཙོན་པར་ཐུག་འཕྲད་དུ་འགྲོ་མཁན་ཚོས་བཤད་བཞིན་ཡོད་འདུག་ཅེས་གསུངས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས། ཕྱི་ལོ་ ༢༠༡༣ ཟླ ༢ ཚེས་ ༢༡ ལ།།
གནས་ཚུལ་མཁོ་སྤྲོད་པ། རྒན་ཡེ་ཤེས་རྒྱལ་མཚན།
ཁ་པར་ཨང་གྲངས། ༠༩༨༨༢༣༩༩༥༦༥