ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་མཆོག་གིས་གཙོས་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ (Ladakh Autonomous Hill Development Council, Leh) ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་མཆོག་དང་། སྡེ་དཔོན་གཞོན་པ་སྐུ་ཞབས་ཚེ་རིང་བསམ་གྲུབ་མཆོག གཞན་ཚོགས་མི་བརྒྱད་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་སྣེ་ལེན་དང་། རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་སོང་།

སྐབས་དེར་ཐོག་མར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཁོང་རྣམས་འདིར་ཕེབས་པར་འཚམས་འདྲི་དངསྦྲགས།  སྤྱི་འཐུས་རྒྱུན་ལས་རྣམ་པ་རེ་རེ་བཞིན་ངོ་སྤྲོད་ཞུས་གནང་ཡོད་པ་དང་། དེ་ནས་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་འདིར་ཕེབས་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་དོན། བཙན་བྱོལ་བོད་མིའི་མང་གཙོ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མར་མི་མང་ལ་གསོལ་སྩལ་གནང་བ་ཞིག་རེད་ཅེས་དང་། དེ་ཡང་ཕྱི་ལོ་ ༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བོད་ཆོལ་ཁ་གསུམ་དང་། ཆོས་བརྒྱུད་ཁག་གི་སྐུ་ཚབ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་ཕུལ་བ་དང་ཆབས་ཅིག་མནའ་གན་མཐུ་མོ་ཆེ་བཞག་པ་རེད། དེ་སྔ་བོད་རང་བཙན་ཡིན་པའི་དུས་སྐབས་སུ་ང་ཚོ་ནང་ཁུལ་མཐུན་སྒྲིལ་མ་བྱས་པའི་རྐྱེན་གྱིས་ང་ཚོའི་གནས་བབ་དེ་འདྲ་ཞིག་ཆགས་སོང་། ད་ནས་བཟུང་༸གོང་ས་མཆོག་གིས་དབུ་འཁྲིད་གནང་རོགས་གནང་། ང་ཚོ་ཆོལ་གསུམ་ཆོས་ལུགས་དང་བཅས་པས་ལྕགས་ཀྱི་གོང་བུ་ལྟར་རྡོག་རྩ་གཅིག་སྒྲིལ་བྱས་ནས་༸གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་གི་ཡིན་ཞེས་གསུངས་ཡོད་རེད། དེ་དུས་༸གོང་ས་མཆོག་གིས་བཀའ་སློབ་གང་ཕེབས་ཡོད་རེད་ཅེ་ན།  མ་འོངས་པའི་ང་ཚོའི་སྒྲིག་འཛུགས་དེ་སྔོན་མ་ལྟ་བུ་མ་ཡིན་པར། མི་མང་གིས་འོས་འདེམས་བྱས་པའི་སྒྲིག་འཛུགས་གཅིག་ཆགས་དགོས་ཀྱི་རེད། བྱས་ཙང་སྔ་འཕྲོས་རིང་ཆོལ་ཁ་གསུམ་སོ་སོ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་སོ་སོ་ནས་འཐུས་མི་གཅིག་རེ་འདེམས་དགོས་པའི་བཀའ་སློབ་ཕེབས་གནང་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་སྤྱི་འཐུས་དམ་བཅའ་ཕུལ་གནང་ཡོད་པ་རེད། ཕྱིས་སུ་ང་ཚོས་ལོ་ལྟར་དེ་ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་བྱེད་ཀྱི་ཡོད་རེད།

སྐབས་དེ་དུས་སྤྱི་འཐུས་གྲངས་ ༡༣ ཡོད་པ་དང་། སྤྱི་ལྷན་སྐབས་གཉིས་པའི་སྐབས་སྤྱི་འཐུས་ཀྱི་རྩ་འབོར་ ༡༧ ལ་སྤར་བ་དང་། དེ་ཡང་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཁོངས་བུད་མེད་སྤྱི་འཐུས་རེ་རེ་ཟུར་བཅད་ས་མིག་འཕར་སྣོན་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་འཐུས་གཅིག་ཐད་བསྐོས་བཅས་ཡིན་པ་དང་།  ཕྱི་ལོ་ ༡༩༩༠ བར་བཀའ་བློན་རྣམས་༧གོང་ས་མཆོག་གིས་བསྐོ་གཞག་མཛད་གནང་གི་ཡོད། དེ་རྗེས། བཀའ་བློན་རྣམས་འོས་བསྡུའི་ལམ་ནས་འདེམས་ཀྱི་ཡོད་པ་དང་། བཀའ་བློན་ཁྲི་པ་བཀའ་བློན་ནང་ཁུལ་འོས་བསྡུ་བྱས་ནས་འདེམས་ཀྱི་ཡོད་པ། ཕྱི་ལོ་ ༢༠༠༡ ནས་བཟུང་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་པ་དང་། དེར་ད་ལྟ་སྲིད་སྐྱོང་ཞེས་འབོད་ཀྱི་ཡོད། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་རྩིས་སྤྲོད་གནང་ཡོད། ད་ལྟའི་ཆར་སྤྱི་འཐུས་ཀྱི་གྲུབ་ཆར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ལུགས་རེ་ནས་སྤྱི་འཐུས་ ༢ རེ་དང་། ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ། ལྷོ་བྱང་ཨ་རི་ནས་སྤྱི་འཐུས་ ༢ དང་། ཡུ་རོབ་དང་ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་ ༢། ཨོ་སེ་ཀྲེ་ལེ་ཤེ་ཡ་ནས་སྤྱི་འཐུས་ ༡ བཅས་སྤྱི་འཐུས་གྲངས་འབོར་ཁྱོན་ ༤༥ ཡོད།

ང་ཚོའི་མང་གཙོ་ནི་སྲིད་དོན་ཚོགས་པ་མེད་པའི་མང་གཙོ་ཡིན་པ་དང་། སྲིད་སྐྱོང་དང་། སྤྱི་འཐུས་རྣམས་ཀྱི་འོས་གཞི་མི་མང་གིས་འདོན་གྱི་ཡོད་པ་མ་ཟད། མཐའ་མའི་འོས་འདེམས་ཀྱང་མི་མང་གིས་བྱེད་ཀྱི་ཡོད་སྟབས། མི་མང་ལ་གདམ་ཁ་མང་བ་ཡོད་པའི་དགེ་མཚན་ཡོད་པ་དང་། སྲིད་དོན་ཚོགས་པ་ཡོད་ན། དེའི་འོས་གཞི་སྲིད་དོན་ཚོགས་པ་སོ་སོས་འདོན་གྱི་ཡོད། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། ཟླ་དྲུག་རེའི་མཚམས་ལ་གྲོས་ཚོགས་ཐེངས་གཅིག་རེ་འཚོགས་དགོས་པ་དང་། ཕྱི་ཟླ་གསུམ་པའི་ནང་སྔོན་རྩིས་ཚོགས་དུས་དང་། ཕྱི་ཟླ་དགུ་པའི་ནང་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་ཚོགས་དུས་ཡིན། གྲོས་ཚོགས་མེད་པའི་སྐབས་སྤྱི་འཐུས་རྒྱུན་ལས་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་རྣམས་བདུན་ཕྲག་གཅིག་ནང་ཐེངས་གཉིས་རེ་ཚོགས་འདུ་འཚོགས་ཀྱི་ཡོད་པ་བཅས་གསུངས་གནང་སོང་བ་དང་།

ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་རྒྱལ་པི་དབང་རྒྱལ་མཆོག་གིས་འཚམས་འདྲི་དང་སྦྲགས། གསུང་དོན། རྒྱ་གར་རྩ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། ལ་དྭགས་དབུས་འཛིན་མངའ་ཁུལ་དུ་བསྒྱུར་ཐབས་སུ་ལོ་མང་རིང་རྒྱ་གར་དབུས་གཞུང་ལ་ཞུ་གཏུགས་རིམ་པ་བྱས་པ་བརྒྱུད། ཕྱི་ལོ་ ༡༩༩༥ ལོར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་བཙུགས་ཐུབ་པ་དང་། ད་ལྟའི་ཆར་ལྷན་ཚོགས་ནང་ཚོགས་མི་སུམ་ཅུ་ཡོད་པ་དང་། དེ་ཡང་ལྷན་ཚོགས་ནང་བྷི་ཇེ་པི་དང་། ཀོང་རེ་སི་སྲིད་དོན་ཚོགས་པ། (Jammu & Kashmir National Conference (JKNC)) སྲིད་དོན་ཚོགས་པ་སོགས་ཀྱི་ཚོགས་མི་གྲངས་ ༢༦ དང་། རྒྱ་གར་དབུས་གཞུང་ནས་ཐད་བསྐོས་བྱས་པའི་ཚོགས་མི་ ༤ བཅས་ཡོད། ད་ཆ་ལ་དྭགས་དེ་བཞིན་མངའ་སྡེའི་གྲོས་ཚོགས་མེད་པའི་དབུས་འཛིན་མངའ་ཁུལ་ཞིག་ཆགས་པ་དང་། མངའ་སྡེའི་སྲིད་སྐྱོང་འོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱིས་ལས་འགན་གཙོ་བ་བཞེས་ཀྱི་ཡོད་པ་སོགས་ལྷན་ཚོགས་ཀྱི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་།

དེ་རིང་ཁོང་རྣམས་འདིར་ཡོང་དོན་གཙོ་བོ་ནི། ད་ཆ་ལ་དྭགས་དབུས་འཛིན་མངའ་ཁུལ་དུ་བསྒྱུར་བར་བརྟེན། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ལ་ས་ཁུལ་ཡར་རྒྱས་གཏོང་རྒྱུའི་སྔར་ལྷག་ལས་འགན་ཡོད་སྟབས། སོ་སོའི་རིག་གཞུང་ལ་སོགས་ཇི་ལྟར་མི་ཉམས་གོང་སྤེལ་གཏོང་ཐབས་སོགས་ཀྱི་ཐོག་ཤེས་ཐབས་སླད་འདི་གར་ཡོང་བ་དང་། ཁ་སང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་བཀའ་ཤག་ལྷན་རྒྱས་མཇལ་འཕྲད་བྱུང་སྐོར་དང་། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་རྣམ་པ་མཇལ་འཕྲད། རིམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ཏུ་ཆེད་ཕེབས་གནང་རྒྱུ་ཡིན་སྐོར་གསུངས་གནང་བ་དང་། དེ་བཞིན་སྐུ་ཞབས་ཁོང་གིས་ལ་དྭགས་སུ་གནས་པའི་བོད་མི་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལ་དྭགས་དབུས་འཛིན་མངའ་ཁུལ་དུ་བསྒྱུར་བར་ (Union Territory to Ladakh) འཚམས་འདྲི་དང་ཆབས་ཅིག་གསུང་དོན། ང་ཚོའི་གྲོས་ཚོགས་ནང་གི་བགྲོ་གླེང་བརྗོད་གཞི་དང་། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་འདུ་དང་། རྒྱ་གར་གྲོས་ཚོགས་ནང་གི་བགྲོ་གླེང་གནང་རྒྱུའི་བརྗོད་གཞི་གཉིས་མ་འདྲ་བ་ཞིག་སྟེ། ཁྱེད་རྣམས་ནས་སོ་སོའི་རྒྱལ་ཁབ་དང་ས་ཁུལ་གྱི་དཔལ་འབྱོར་དང་། ཕྱི་སྲིད། མི་རིགས་སྲུང་སྐྱོབ་སོགས་ཀྱི་སྐོར་བགྲོ་གླེང་གནང་གི་ཡོད་པ་དང་། ང་ཚོའི་གྲོས་ཚོགས་ནང་བོད་པའི་འཐབ་རྩོད་ཇི་ལྟར་རྒྱུན་སྐྱོང་བྱེད་དགོས་མིན་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ནང་ཇི་ལྟར་ཁྱབ་སྤེལ་བྱེད་དགོས་པ་སོགས་ཀྱི་བགློ་གླེང་གནང་གི་ཡོད།  ང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་ནི་ཕྱིའི་རོགས་ཚོགས་དང་། དང་བླངས་དཔྱ་དངུལ། ཚོང་ཕུད་ཞལ་འདེབས་སོགས་ཡིན་པ་དང་། དེ་ཡང་སྔོན་རྩིས་གྲོས་ཚོགས་བརྒྱུད། འགྲོ་གྲོན་རྣམས་ཤེས་ཡོན་དང་། འཕྲོད་བསྟེན། སྤྱི་ཚོགས་བདེ་དོན། ཆབ་སྲིད་བཅས་ཀྱི་ཐོག་སྔོན་རྩིས་འཆར་འབུལ་ཞུས་ནས་བགོ་བགྲེམས་གནང་གི་ཡོད།

བོད་ནང་གི་གནས་སྟངས་ལ་ཆ་བཞག་ན། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་མུ་མཐུད་གཞིས་ལུས་བོད་མི་རྣམས་ཀྱིས་གདོང་ལེན་བྱེད་བཞིན་ཡོད་པ་དང་། དེ་ཡང་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ཕོ་མོ་སྐྱ་སེར་དབྱེར་མེད་རྒན་གཞོན་བར་གསུམ་རང་ལོ་ ༡༥ ནས་ ༦༤ བར་གྱིས་རང་ལུས་མེར་བསྲེགས་བཏང་གནང་བ་དང་། ད་བར་ཁྱོན་བོད་མི་གྲངས་ ༡༥༤ ཡིས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད། རྒྱ་ནག་གཞུང་གིས་བོད་ཡུལ་འདི་ཉིད་རྒྱ་ནག་དམར་པོའི་འོག་གཡུལ་ས་ (War Zone) ལྟ་བུར་བཟོ་བཞིན་ཡོད་པས། དེས་བོད་ཙམ་མ་ཡིན་པར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་ཉེན་ཁ་ཆེན་པོ་ཡོད།

སྤྱིར་བཏང་བོད་ཀྱི་རྩ་དོན་ཐོག་ལ་ཁྱེད་རྣམས་ནས་ད་བར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། ལ་དྭགས་ལ་ཐོག་མར་བོད་མི་བཙན་བྱོལ་ལ་འབྱོར་བའི་སྐབས། བ་ཀུ་ལ་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་དང་། འཛིན་སྐྱོང་གི་མི་སྣ་མང་དག་ཅིག་གིས་རྒྱབ་སྐྱོར་དང་། དེ་བཞིན་གྲོས་ཚོགས་འཐུས་མི་ཟུར་པ་ཐུབ་བསྟན་ཚེ་དབང་མཆོག་དང་། ད་ལྟའི་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་སོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་གནང་བཞིན་ཡོད།

ད་བར་ང་ཚོས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་འཚོགས་གནང་ཡོད་པ་དང་། ཚོགས་འདུ་ཚོགས་ནས་པར་བསྐྲུན་ཞུས་པའི་ཡིག་ཆ་དེ་དག་རྣམ་པ་ཚོས་ཐུགས་ཞིབ་གནང་སྟེ། བོད་ཀྱི་རྩ་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། རྒྱ་གར་གྱི་རྩ་ཁྲིམས་ ༢༣༩ དགོངས་དོན་གཞིར་བཟུང་། ལ་དྭགས་དབུས་འཛིན་མངའ་ཁུལ་དུ་བསྒྱུར་བ་ (Union Territory) ནང་བཞིན་ལས་དོན་ཡོངས་རྫོགས་ཚགས་ཚུད་དང་། ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་བཞིན་ལ་དྭགས་ནང་གནས་པའི་བོད་རིགས་མི་མང་རྣམས་ལ་མཐུན་འགྱུར་གང་ལེགས་གནང་སྐྱོང་ཡོང་རྒྱུའི་རེ་བསྐུལ་ཞུ་རྒྱུ་ཡིན།

ང་ཚོའི་གྲོས་ཚོགས་ནང་ཡུ་རོབ་དང་། ཨ་རི་སོགས་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་རིགས་མང་པོ་གདན་འདྲེན་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། ལྷག་པར་ཧི་མ་ཅྰལ་མངའ་སྡེའི་སྲིད་སྐྱོང་དང་། ཚོགས་གཙོ་བཅས་གདན་ཞུའི་གོ་སྐབས་བྱུང་སོང་། དེ་རིང་ཁྱེད་རྣམས་གྲོས་ཚོགས་སུ་སྣེ་ལེན་མཇལ་འཕྲད་གནང་རྒྱུ་བྱུང་བར་དགའ་པོ་བྱུང་ཞེས་གསུངས་རྗེས། ཁོང་རྣམས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་ཕེབས་གནང་བ་བཅས། །