ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་གོ་སྒྲིག་གནང་བའི་ཉིན་ལྔའི་རིང་གི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་གོ་སྒྲིག་གནང་བའི་ཉིན་ལྔའི་རིང་གི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་ཡོད།

ཟབ་སྦྱོང་ཉིན་བཞི་པ་དང་། ལྔ་པའི་དམར་ཁྲིད་སྐབས་ཟབ་སྦྱོང་བ་རྣམས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་པ་ལྟར། ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང། རིམ་པས་ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་ནས་ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་སོགས་དམར་ཁྲིད་གྲོས་ཚོགས་ཚོགས་གནང་འདུག་པ་དང་། ཉིན་གཉིས་ཀྱི་དམར་ཁྲིད་སྐབས་ས་འཐུས་རྣམ་པ་རིམ་པས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག ཚོགས་བཅར་བ་རྣམ་པས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་གཅིག་དང་། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་གཅིག སྐར་རྟགས་ཅན་གྱི་དྲི་བ་བཞི། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་གཉིས། ལོ་འཁོར་ལས་བསྡོམས་གཅིག གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཉིས། སྒྲིག་གཞི་གསར་བཟོ་གཅིག སྒྲིག་གཞི་བསྐྱར་བཅོས་གཅིག བཟོ་བཅོས་ཁྲིམས་འཆར་གཅིག ས་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ། གཅོག་ཆ་དང་སྤར་ཆའི་གྲོས་འཆར་གཉིས། ལ་སྤྱིའི་ལས་ཚབ་ནས་གཞུང་འབྲེལ་གསལ་བཤད། གཏོང་ལེན་ཁྲིམས་ཡིག་བཅས་འདོན་རྒྱུའི་གོ་སྐབས་བྱུང་ཡོད་འདུག

ཟབ་སྦྱོང་བ་རྣམ་པས་ཉིན་གཉིས་ཀྱི་དམར་ཁྲིད་གྲོས་ཚོགས་སྐབས་དོ་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་པ་མ་ཟད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ནོར་འཁྲུལ་ཤོར་ཚེ་ཟབ་ཁྲིད་གནང་མཁན་དཔལ་ལྡན་ཚོགས་གཙོ་མཆོག་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་རྣམ་གཉིས་ཀྱིས་སྐབས་ཐོག་སོ་སོར་སློབ་སྟོན་གནང་སྟེ་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད་འདུག

མཐར་མཇུག་བསྡོམས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཞིང་། སྐབས་དེར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གསུམ་ནས་ཉིན་ལྔའི་རིང་ཟབ་སྦྱོང་སྐབས་ཀྱི་སོ་སོའི་མྱོང་ཚོར་སྐོར་གསུངས་གནང་བ་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་མཆོག་གིས་ཟབ་སྦྱོང་བ་རྣམ་པས་ཉིན་ལྔའི་རིང་ཐུགས་སྣང་ཆེན་པོས་ཟབ་སྦྱོང་ནང་མཉམ་ཞུགས་དང་། ཆ་ཤས་བླངས་པར་བསྔགས་བརྗོད་གནང་འདུག

དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཟབ་སྦྱོང་ནང་ཞུགས་མཁན་ཚང་མས་ད་རེས་ཀྱི་ཟབ་སྦྱོང་ནང་ཆ་ཤས་བཞེས་སྟངས་དང་། ཡིག་ཆ་བཟོ་སྟངས་ལ་སོགས་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་དང་སྦྲགས།   ས་གནས་འཐུས་ཚོགས་དེ་བཞིན་གཞི་རིམ་མང་གཙོའི་ནང་སྒྲིག་འཛུགས་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་གླེང་སློང་བྱེད་ཆོག་པའི་དབང་ཚད་ཆ་ཚང་ཡོད་བསྡད་པ་ཞིག་ཡིན་པ། དེ་བཞིན་མ་འོངས་པར་ས་འཐུས་རྣམ་པ་ཚོས་ལ་དྭགས་བསོད་ནམས་གླིང་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་ནུས་པ་ཆེན་པོ་འདོན་ཐུབ་པའི་རེ་བ་ཞུ་རྒྱུ་དང་། དེ་བཞིན་ཚང་མས་སོ་སོའི་ངོས་ནས་འགན་ཁུར་ཚད་ལྡན་ཞུ་ཐུབ་དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར།  ད་རེས་ས་འཐུས་དངོས་སུ་ཚོགས་པ་ལྟར་དམར་ཁྲིད་གནང་ཐུབ་པར་བསྔགས་བརྗོད་དང་ཆབས་ཅིག ཚང་མས་དུས་རྒྱུན་དུ་ནས་དེ་ཚོའི་ཐོག་སློབ་སྦྱོང་གནང་དགོས་པའི་སྐོར་སོགས་གསུངས་གནང་འདུག

ཟབ་སྦྱོང་མཇུག་བསྒྲིལ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་དགོང་དྲོའི་གསོལ་སྟོན་ཞིག་བཤམས་པ་དང་། སྐབས་དེར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་སྐུ་ཞབས་བཀྲ་ཤིས་རྒྱལ་སོན་ལགས་དང་། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས། ས་གནས་ཀྱི་རྫོང་དཔོན་གཞོན་པ་སྐུ་ཞབས་བསོད་ནམས་ཆོས་འབྱོར་ལགས་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་ཕེབས་གནང་ཡོད་འདུག

ས་འཐུས་ཟབ་སྦྱོང་གི་དམིགས་ཡུལ་ནི། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ས་འཐུས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་སོགས་ཟབ་ཁྲིད་གནང་སྟེ། མི་མང་གི་བདེ་སྡུག་གཟིགས་རྟོག་ཐུབ་པ་དང་། འབྲེལ་ཡོད་ལ་ཞུ་ཐུབ་པ། ཐག་གཅོད་ཡང་དག་བྱེད་ཐུབ་པ། གཞུང་གི་ལས་ཁུངས་ཁག་འབྲེལ་ཡོད་ལ་འགན་ཁུར་ཐུབ་པ་བཟོ་རྒྱུ་སོགས་གཞི་རིམ་མང་གཙོ་སྲ་བརྟན་ཡོང་ཐབས་བྱ་རྒྱུ་ཡིན་པ་བཅས། །

Menu