རྩིས་ལོ་ ༢༠༢༣་་་་་༢༤ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ།


༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༣ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ལོ་ ༢༠༢༣་་་༢༤ ལོའི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཕྱག་ལས་དངོས་སུ་དབུ་འཛུགས་གནང་ཡོད།

དེ་ཡང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༡༠ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་མི་འགྲོར། ༡) སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་། ༢) ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་སྒྲོལ་དཀར་ལགས། ༣) ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཟླ་བ་ལགས་བཅས་སུ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༡༦ ཉིན་དམིགས་འཛུགས་བསྐོ་གཞག་བཀོད་ཁྱབ་གཞིར་བཟུང་། དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ཚོགས་ཆུང་གི་ཚོགས་མི་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ལྷན་འཛོམས་ཀྱིས་རྩིས་ལོ་ ༢༠༢༣་་་༢༤ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག་དང་། ཚོགས་ཆུང་གི་དྲུང་ཆེ་ཆོས་རིག་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་སྒྲོལ་དཀར་ལགས་བཅས་སྤྱི་མོས་ཐུགས་གཏན་ཁེལ་བ་དང་།

དེ་ནས་ཚོགས་ཆུང་གི་ཚོགས་མི་རྣམ་པས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ཀྱི་དྲུང་ནས་ལས་དོན་གནང་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས། ལས་དོན་དངོས་སུ་འགོ་འཛུགས་གནང་ཡོད་པ་བཅས།