༄༅། །སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། ཡན་ལག་རྩིས་ཞིབ་ལས་ཁང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་་་༢༢ ལོའི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་ནས་ཟླ་བ་བརྒྱད་ལྷག་ཙམ་རིང་དབུས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། ཡན་ལག་རྩིས་ཞིབ་ལས་ཁང་ཁག་གི་རྩིས་ལོ་ ༢༠༢༡་་་༢༢ ལོའི་རྩིས་ཁྲ་ཁག་ལ་ཞིབ་འཇུག་གནང་སྟེ། དེ་རིང་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༡ ཉིན་ལས་དོན་ཡོངས་སུ་མཇུག་བསྒྲིལ་གནང་ཡོད།
དེ་ཡང་རྩིས་ལོ་ ༢༠༢༡་་་༢༢ ལོའི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། ཡན་ལག་རྩིས་ཞིབ་ལས་ཁང་མ་ལག་དང་བཅས་པའི་རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་མཆོག་དང་། ཚོགས་དྲུང་ཆོས་རིག་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་སྒྲོལ་དཀར་ལགས། ཚོགས་ཆུང་གི་དྲུང་ཆེ་ལས་རོགས་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ཟླ་བ་ལགས་བཅས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༦ ཉིན་ནས་ལས་དོན་དངོས་སུ་འགོ་འཛུགས་གནང་སྟེ། དབུས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་། ལྷོ་ཕྱོགས་རྩིས་ཞིབ་ཡན་ལག་ལས་ཁང་། བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་ལས་ཁང་། བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁང་བཅས་ཀྱི་རྩིས་ལོ་ ༢༠༢༡་་་༢༢ ལོའི་རྩིས་ཁྲ་ཁག་ཚོགས་མི་སོ་སོར་ཆ་བགོས་ཀྱིས་ད་བར་ཟླ་བ་བརྒྱད་དང་། ཉིན་དྲུག་རིང་ཞིབ་བཤེར་དང་། སླར་ཡར་བསྐྱར་ཞིབ། མཐའ་མར་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་འབྲེལ་ཡོད་ལས་བྱེད་ཐེངས་མང་ཆེད་འགུགས་ཀྱིས་དོགས་འདྲི་སོགས་གནང་སྟེ། ཚོགས་ཆུང་གི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། ལེའུ་བཞི་པ། དོན་ཚན་བཅུ་པའི་ནང་གསེས་གཉིས་པའི་དགོངས་དོན་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཐོག་ཚོགས་ཆུང་གི་ལས་བསྡོམས་དང་། སྙན་ཐོ་ཚོགས་དྲུང་ལས་ཁུངས་སུ་ཕུལ་གནང་ཡོད་པ་བཅས།