རྡ་སར་བོད་མིའི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཕྱི་ཚེས་ ༡ ནས་ ༥ བར་ཉིན་གྲངས་ལྔའི་རིང་གི་རྡ་སའི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་འདུག

དེ་ཡང་སྔ་དྲོ་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས། རྡ་ས་ས་འཐུས་ཚོགས་གཙོ་ཟླ་བ་ཚེ་རིང་ལགས། རྡ་ས་ས་གནས་རང་བདེན་ཚོགས་གཙོ་བསམ་གཏན་ལྷུན་གྲུབ་ལགས། ཟབ་སྦྱོང་ནང་མཉམ་ཞུགས་པ་བཅས་ཚང་འཛོམས་ཐོག་དབུ་འབྱེད་མཛད་སྒོ་འཚོགས་ཤིང་།  སྐབས་དེར་ཐོག་མར་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། དེ་ནས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་དང་། བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྐབས་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་ལག་བསྟར་དང་། གཞི་རིམ་མང་གཙོ་སྲ་བརྟན་ཡོང་རྒྱུར་གལ་ཆེན་པོར་གཟིགས་ཡོད་སྐོར། བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་གསོལ་སྩལ་གནང་བའི་མང་གཙོའི་ཁེ་ཕན་དང་། ཆབས་ཅིག་མང་གཙོའི་ལས་འགན་སྐོར་ལའང་གསུངས་འདུག

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་། དེའི་གལ་གནད་སྐོར། བོད་མིའི་ཆབ་སྲིད་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་སྒྱུར་སྐབས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བྱིན་རླབས་དང་། ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཏེ་ས་གནས་འཐུས་ཚོགས་ཁག་བཙུགས་ཡོད་པ་གསུངས་འདུག

ས་འཐུས་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་རྗེས། ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་ཡོད་འདུག

ཟབ་སྦྱོང་གི་ཉིན་དང་པོར། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་གཞིར་བཟུང་། སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གྲོས་ཆོད་གྲོས་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་བཅས་ཀྱི་ཐོག་ཟབ་འཁྲིད་གནང་ཡོད་འདུག

སང་ཉིན་ཟབ་སྦྱོང་གི་ཉིན་གཉིས་པར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་འཁྲིད་གནང་རྒྱུ་ཡིན་པ་བཅས། །