རྡ་ས་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་གོ་སྒྲིག་གནང་བའི་ཉིན་ལྔའི་རིང་གི་རྡ་ས་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་ཡོད་འདུག

དེ་ཡང་ཟབ་སྦྱོང་གི་ཉིན་དང་པོ་དང་གཉིས་པའི་སྐབས་ཟབ་འཁྲིད་གནང་མཁན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ཟབ་འཁྲིད་གནང་བ་དང་། ཉིན་གསུམ་པར་ཟབ་སྦྱོང་བ་རྣམས་ཀྱིས་ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་ཆེད་སྐར་རྟགས་ཅན་གྱི་དྲི་བ་དང་། ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར། གཞུང་འབྲེལ་གྲོས་ཆོད་གྲོས་འཆར། ཁྲིམས་འཆར། སྔོན་རྩིས་དང་འབྲེལ་བའི་ཡིག་ཆ་ཁག་སོགས་ཀྱི་གྲ་སྒྲིག་གནང་རྒྱུ་རྣམས་གནང་ཡོད་འདུག

ཟབ་སྦྱོང་ཉིན་བཞི་པ་དང་ལྔ་པའི་དམར་ཁྲིད་སྐབས་ཟབ་སྦྱོང་བ་རྣམས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་པ་ལྟར། ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། རིམ་པས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ། ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་སོགས་དམར་ཁྲིད་གྲོས་ཚོགས་འཚོགས་གནང་འདུག་པ་དང་། ཉིན་གཉིས་ཀྱི་དམར་ཁྲིད་སྐབས་རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཟླ་བ་ཚེ་རིང་ལགས་དང་། ཚོགས་གཙོའི་ལས་ཚབ་བསམ་གཏན་ལྷུན་གྲུབ་ལགས། ཚོགས་གཙོའི་ལས་ཚབ་བློ་བཟང་ཚེ་རིང་ལགས་བཅས་ནས་ཚོགས་འདུ་གཙོ་སྐྱོང་གནང་འདུག

ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ཀྱི་གཟིགས་ཞིབ་འོག ཟབ་སྦྱོང་བ་རྣམ་པས་ཉིན་གཉིས་ཀྱི་དམར་ཁྲིད་གྲོས་ཚོགས་སྐབས་དོ་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་པ་མ་ཟད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ནོར་འཁྲུལ་ཤོར་ཚེ་ཟབ་འཁྲིད་གནང་མཁན་སྤྱི་འཐུས་རྣམ་པ་གཉིས་ཀྱིས་སྐབས་ཐོག་སོ་སོར་སློབ་སྟོན་གནང་སྟེ་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད་འདུག

མཐར་མཇུག་བསྡོམས་མཛད་སྒོ་སྟབས་བདེ་ཞིག་ཚོགས་རྗེས། རྡ་ས་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་གནང་འདུག་པ་དང་། སྐབས་དེར་ཟབ་སྦྱོང་བ་རྣམས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟབ་སྦྱོང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

མཇུག་བསྡོམས་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཟབ་སྦྱོང་བ་རྣམ་པས་ཉིན་ལྔའི་རིང་ཐུགས་སྣང་ཆེན་པོས་ཟབ་སྦྱོང་ནང་མཉམ་ཞུགས་དང་ཆ་ཤས་ལེན་པར་བསྔགས་བརྗོད་དང་། ཟབ་སྦྱོང་བ་རྣམ་པས་མ་འོངས་པའི་ཟབ་སྦྱོང་གི་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་ཀྱི་སྐར་རྟགས་ཅན་གྱི་དྲི་བ་དང་། གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་བའི་བརྒྱུད་རིམ་སོགས་ཀྱི་དུས་ཐུང་བརྙན་པར་སྒྲིག་སྦྱོར་གྱི་མཐུན་རྐྱེན་སྦྱོར་གནང་ཡོང་བའི་དགོངས་ཚུལ་ཕུལ་བ་བཞིན་དེ་ལྟར་མ་འོངས་པར་གཟིགས་རྒྱུ་ཡིན་སྐོར་གསུངས་པ། དེ་བཞིན་ས་འཐུས་དངོས་སུ་འཚོགས་པ་ཇི་བཞིན་དམར་ཁྲིད་གནང་ཐུབ་པར་བསྔགས་བརྗོད་དང་། ཆབས་ཅིག་ཟབ་སྦྱོང་བ་རྣམ་པས་རྒྱུན་དུ་ནས་དེའི་ཐོག་སློབ་སྦྱོང་གནང་དགོས་པའི་སྐོར་བཅས་གསུངས་གནང་འདུག

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་ཟབ་སྦྱོང་བ་རྣམ་པར་ཟབ་སྦྱོང་ཐོབ་པའི་རྗེས་དམར་ཁྲིད་གྲོས་ཚོགས་འཚོགས་སྐབས་ལས་རིམ་ནང་ཆ་ཤས་ལེན་སྟངས་ཐད་ཡར་རྒྱས་ཕྱིན་པར་བསྔགས་བརྗོད་དང་། ཟབ་སྦྱོང་བ་རྣམ་པས་ས་གནས་ཀྱི་གནད་དོན་ཁག་ཅིག་གི་ཐོག་དྲི་བ་དང་རེ་སྐུལ་ཞུས་པར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་གིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྣམ་པའི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་སྐོར་ངོ་སྤྲོད་དང་། དེའི་སྐབས་དེ་འབྲེལ་གནད་དོན་རྣམས་ཞུ་འཐུས་ཆོག་པའི་སྐོར་གསུངས་གནང་འདུག

ས་འཐུས་ཟབ་སྦྱོང་གི་དམིགས་ཡུལ་ནི་ཟབ་སྦྱོང་བ་རྣམ་པར་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ཟབ་འཁྲིད་གནང་སྟེ། མི་མང་གི་བདེ་སྡུག་གཟིགས་རྟོགས་ཐུབ་པ་དང་། འབྲེལ་ཡོད་ལ་ཞུ་ཐུབ་པ། ཐག་གཅོད་ཡང་དག་བྱེད་ཐུབ་པ། གཞུང་གི་ལས་ཁུངས་ཁག་འབྲེལ་ཡོད་ལ་འགན་ཁུར་ཐུབ་པ་བཟོ་རྒྱུ་སོགས་གཞི་རིམ་མང་གཙོ་སྲ་བརྟན་ཡོང་ཐབས་བྱ་རྒྱུ་ཡིན་པ་བཅས། །

 

 

Menu