༄༅། ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༩ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན།
དེ་རིང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་ཕེབས་པའི་ཕྱག་སྦྲེལ་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། སྤྱི་ཟུར་རྣམ་པ། རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་གཙོ་དང་། འབྲེལ་ཡོད་ལས་བྱེད་རྣམ་པ། མི་མང་བཅས་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གུས་བརྩི་ཆེན་པོའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། རྩ་བའི་དེ་རིང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དེ་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཀྱི་ཡོད་པ་སོང་ཙང་། སྤྱི་འཐུས་ཕྱག་སྦྲེལ་རྣམ་པ་ཚོ་སོ་སོའི་ལས་འཆར་ཡོད་ཀྱང་འདིར་མཉམ་ཞུགས་གནང་ཡོད། ཉིན་གསུམ་སྔོན་དེ་རིང་གི་མཛད་སྒོའི་ཐོག་ངར་སྐད་ཆ་ཤོད་དགོས་རེད་ཅེས་ཞལ་པར་འབྱོར་སོང་། མ་གཞི་སྐད་ཆ་གང་བཤད་དགོས་མིན་ཀླད་པའི་ནང་བང་སྒྲིག་རྒྱུ་མ་བྱུང་། བཞུགས་སྒར་དུ་འདས་པའི་ལོ་ངོ་ལྔ་བཅུ་ང་བརྒྱད་རིང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་སྒོ་ཕལ་ཆེ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནང་བའི་བཀའ་སློབ་གསུང་གི་བདུད་རྩི་དང་བྱིན་རླབས། འདས་པའི་བཀའ་ཤག་གི་བྱུང་རིམ། སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་སོགས་ཀྱི་སྐོར་གསུངས་གནང་ཡོད་པས་དེ་རིང་ཡང་བསྐྱར་ཞུ་མི་དགོས་པ་བསམ།
དེ་བཞིན་སྤྱི་འཐུས་གསར་འདེམས་གནང་བའི་རྗེས་སྤྱི་འཐུས་རྣམ་པ་བོད་མིའི་འདུ་སྡོད་གཞིས་ཆགས་དང་ས་གནས་ཁག་ལ་འཚམས་གཟིགས་སུ་ཕེབས་གནང་ཡོད་པ་མ་ཟད། འཚམས་གཟིགས་ཐོག་མི་མང་འདུ་འཛོམས་ཀྱིས་སྤྱི་འཐུས་རྣམ་པས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས། བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་མི་མང་གི་བདེ་སྡུག་ཡོངས་རྗོགས་ཐོག་བཀའ་སློབ་ལམ་སྟོན་གནང་བ་དང་སྦྲགས། མི་མང་གི་དཀའ་ངལ་རྣམས་ཡིག་ངག་གཉིས་ཐོག་ནས་སྤྱི་འཐུས་རྣམ་པས་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་ཕུལ་རྗེས། འཛིན་སྐྱོང་བཀའ་ཤག་ནས་ལྷན་ཁང་སོ་སོར་ཕུལ་གྱི་ཡོད་པ་རེད། ཕྱོགས་མཚུངས་གྲོས་ཚོགས་ནང་ལའང་གླེང་སློང་ཡོང་ཡོད་པ་རེད། འཚམས་གཟིགས་རྗེས་སྤྱི་འཐུས་རྣམ་པ་ལོ་གཉིས་དང་ཕྱེད་ཀའི་ནང་བོད་མིའི་གནས་སྡོད་ཡོངས་ལ་ས་བགོས་ཕྱོགས་བསྐྱོད་ཕེབས་བཞིན་ཡོད་པ་ལྟར། བཞུགས་སྒར་རྡ་སར་ས་གནས་འགོ་འཛིན་ཁྱབ་ཁོངས་རྡ་སྟེང་བོད་ཁྱིམ་ནས་གྷོ་པར་སྤུར་བོད་ཁྱིམ་བར། བོད་གཞུང་ཟློས་སྒར་ནས་ས་རཱ་མཐོ་སློབ་བར། དགོན་སྡེ་གྲྭ་ཚང་ཡོངས་ལ་ཉིན་བཅུ་བཅོ་ལྔའི་ནང་ས་བགོས་སྤྱི་འཐུས་རྣམ་པ་ཕེབས་ཏེ་གྲོས་ཚོགས་ནང་བགྲོ་གླེང་གང་གནང་བ། གྲོས་ཆོད་གང་བཞག་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ ༡༩༩༡ ལོར་གཏན་འབེབས་གནང་བ་ནས་བཟུང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ཁྲིམས་སྒྲིག་ ༢༧ ཡོད་པའི་ནང་མང་ཚོགས་དང་ཐད་ཀར་དང་འབྲེལ་བ་ཡོད་པ། འཛིན་སྐྱོང་བཀའ་ཤག་དང་འབྲེལ་བ་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཁང་དང་འབྲེལ་བ་ཡོད་པ། དེ་བཞིན་ཁྲིམས་སྒྲིག་བསྐྱར་བཅོས་གང་གནང་བའི་ཐོག་བཀའ་སློབ་གནང་བ་རྣམས་ཆ་ཚང་མི་མང་ནས་གསན་གནང་ཡོད་པ་རེད། དེ་བཞིན་གྲོས་ཚོགས་ཚོགས་པའི་སྐབས་ཐད་ཀར་མཇལ་རྒྱུའི་གོ་སྐབས་ཡོད་ཙང་མཁྱེན་གྱི་ཡོད་ཤག་རེད།
དེ་རིང་ནང་སྲིད་ཁྱབ་ཁོངས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་བ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་། བཞུགས་སྒར་རྡ་སའི་བདེ་འཇགས་ལས་ཁུངས། དེ་ནས་བདེ་དོན་ལས་ཁུངས་ཟེར་བའི་ཐ་སྙད་དེ་དེང་སང་ས་གནས་འགོ་འཛིན་ལས་ཁུངས་སུ་འགྱུར་ཡོད། དེ་བཞིན་ས་གནས་འཐུས་ཚོགས་འདེམས་ཐོན་གནང་ཏེ་འདས་པའི་ས་གནས་འཐུས་ཚོགས་ནང་ཕྱག་ལས་གནང་མཁན་དང་། ཚོགས་གཙོ་སོགས་རིམ་པ་བྱུང་ཡོད། མང་གཙོའི་བྱུང་རིམ་ནང་ས་གནས་འཐུས་ཚོགས་གནད་འགག་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། ༸གོང་ས་མཆོག་ནས་སྤྱི་འཐུས་ལྷན་ཚོགས་ཚགས་ཚུད་པོ་ཡོད་པ་ནང་བཞིན་གཞི་རིམ་མང་གཙོ་ཡང་ཚགས་ཚུད་པོ་དགོས་པའི་བཀའ་སློབ་ཕེབས་པ་ལྟར་སྐབས་ ༡༡ པའི་སྤྱི་འཐུས་ལྷན་ཚོགས་ནས་ས་གནས་འཐུས་ཚོགས་དེ་ངེས་པར་དུ་ས་གནས་སུ་བཙུགས་དགོས་པའི་གཏན་འབེབས་གནང་ཡོད། བཞུགས་སྒར་རྡ་རམ་ས་ལའི་ས་གནས་འཐུས་ཚོགས་དེ་རྙིང་གྲས་ཤིག་དང་། ཚགས་ཚུད་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང་ས་གནས་འཐུས་མི་རྣམ་པས་ས་གནས་སོ་སོའི་ནང་ས་གནས་མི་མང་གི་གནས་སྟངས་དང་དཀའ་ངལ་གང་ཡོད་པ་རྣམས་ས་གནས་འགོ་འཛིན་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་པ་བཞིན། དེ་རིང་ས་གནས་འགོ་འཛིན་ནས་ལས་བསྡོམས་སྙན་སྒྲོན་གནང་བའི་ནང་ས་གནས་འཐུས་ཚོགས་ཀྱིས་ས་གནས་ཀྱི་གནས་སྟངས་སོགས་ལ་བགྲོ་གླེང་གནང་བའི་ཐོག་ནས་ས་གནས་འགོ་འཛིན་བརྒྱུད་འཛིན་སྐྱོང་ལ་ལས་དོན་སྙན་སེང་གནང་བ་དེ་མང་གཙོའི་ས་བོན་ལེགས་པོ་བཏབ་པའི་འབྲས་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདས་པའི་ལོ་ངོ་ ༥༠ ལྷག་རིང་ལ་གཙོ་བོ་ ༸ གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་དེ་རིང་ང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་དུས་དྲན་སྲུང་བརྩི་ཞུ་རྒྱུ་བྱུང་བ་རེད། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་བ་དེ་རྣམ་པ་ཚོས་གསན་པ་ཙམ་མ་ཡིན་པར། འདས་པའི་ལོ་ལྔ་བཅུ་ལྷག་གི་ནང་ལེགས་པ་གང་བྱུང་བ། སྡུག་པ་གང་བྱུང་བ། ཚགས་ཚུད་དང་བཟང་རུ་གང་གཏོང་དགོས་པ། ལེགས་སྤེལ་ཉེས་འགོག་གནང་དགོས་ཞེས་དང་།
དེ་བཞིན་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཆེན་པོ་ཡིན་པའི་སྐོར། བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་། གཞིས་ལུས་བོད་མིར་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་ཀྱང་བོད་མིའི་འཐབ་རྩོད་ཐོག་རྒྱ་ཆེའི་གཞིས་ལུས་བོད་མིས་སེམས་ཤུགས་མ་ཆགས་པར་དཀའ་ལས་མུ་མཐུད་རྒྱག་གི་ཡོད་པས། ང་ཚོ་བཙན་བྱོལ་རང་དབང་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོས་དེ་བས་འགན་ཁུར་མང་ཙམ་འཁྱེར་དགོས་ཞེས་དང་།
འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོད་པ་བཞིན་ས་གནས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ Himalaya Parivar, Indo Tibet Friendship Association, Bharat Tibet Sahyog Manch བཅས་ཁག་གསུམ་ཡོད་པ་རྣམས་ཀྱི་སྐུ་ཚབ་དེ་རིང་སྐུ་མགྲོན་དུ་ཕེབས་འདུག བོད་མི་ཡོངས་ཀྱི་རང་རེའི་འཐབ་རྩོད་ཐོག་ཁོང་ཚོ་ལས་འགན་མང་བ་འཁྱེར་དགོས་པ་ལས་དེ་མིན་ཁོང་ཚོའི་རྗེས་སུ་ལུས་པ་ཡིན་ན་བསམ་ཚུལ་ཆགས་ཀྱི་ཡོད་པ་རེད། དེ་ཚོའི་ཐོག་ལ་ས་གནས་མི་མང་དང་། དགོན་པ་གྲྭ་ཚང་། སྒྲིག་འཛུགས་ཡོངས་ཀྱི་འགན་མཉམ་དུ་ཁུར་དགོས་པ་མ་གཏོགས་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་འགན་རེད་བསམ་ནས་བསྡད་ན་མ་འགྲིག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐོག་ཤུགས་རྒྱག་རྒྱུ་གལ་ཆེན་པོ་དང་། གྲོས་ཚོགས་ཚོགས་པའི་སྐབས་ཕྱི་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཕེབས་ཀྱི་ཡོད་པ་མ་ཟད། གྲོས་ཚོགས་ནང་གུས་བརྩི་དང་འཚམས་འདྲི་ཞུ་ཡི་ཡོད་པ་རེད། བྱས་ཙང་བོད་དོན་རྒྱབ་སྐྱོར་ཚགས་ཚུད་དང་། སྲ་བརྟན་ཡོང་སླད་བོད་མི་ཡོངས་ཀྱིས་འགན་མཉམ་དུ་འཁྱེར་དགོས་པ་སོགས་ཀྱི་གསུང་བཤད་གནང་ཡོད།
མཛད་སྒོའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་ནས་རྒྱ་གར་ཡུལ་མི་དང་མངའ་སྡེའི་འཛིན་སྐྱོང་ལ་བཀའ་དྲིན་མཚོན་སླད་རྫོང་དཔོན་སྐུ་ཞབས་མཆོག་ལ་ཕྱག་རྟགས་ཕུལ་གནང་བ་དང་། རྡ་ས་ས་གནས་འགོ་འཛིན་ཟུར་པ་དང་ལས་ཐོག རྡ་ས་ས་འཐུས་ཟུར་པ་དང་ལས་ཐོག་སོགས་ལ་ཕྱག་རྟགས་དང་ཕྱག་ཁྱེར་གནང་ཡོད་པ་རེད། ཉིན་རྒྱབ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྡ་རམ་ས་ལའི་རྣམ་པ་དྲན་ཡུལ་ནང་བསྐྱར་དུ་འཆར་བ་ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།