༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང། བོད་མིའི་སྒྲིག་འཛུགས། བཙན་བྱོལ་བོད་མི་ཡོངས་སུ་རྫོགས་པས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ད་ལྟ་བོད་ནང་གི་དངངས་འཚབ་དང་ཛ་དྲག་གི་གནས་སྟངས་ཐོག་དཀའ་སེལ་འབོད་སྐུལ་བྱེད་བཞིན་པ་དང། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཁས་པའི་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་རྣམ་པ་དང། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལྷན་ཚོགས་ཀྱི་མགྲིན་ཚབ་པ། སྲིད་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་བ་ཚང་མས་རྒྱལ་སྤྱིའི་ནང་བློ་འཚབ་ཆེན་པོའི་ངང་རྒྱ་གཞུང་ལ་བོད་མི་མང་པོས་རང་ལུས་མེ་མཆོད་འབུལ་དགོས་པའི་འབྱུར་རྩར་བརྩད་ཞིབ་ཀྱིས་གནད་དོན་ཞི་འཇགས་ཡོང་རྒྱུར་འབོད་སྐུལ་གནང་བཞིན་པར། ང་ཚོས་ཁོང་རྣམ་པའི་ལངས་ཕྱོགས་དང། གྲོས་ཆོད། བསྒྲགས་གཏམ་སྤེལ་བ་བཅས་ལ་ཡི་རངས་བསྔགས་བརྗོད་བྱེད་བཞིན་པའི་སྐབས་འདིར། སླར་ཡང་ཁམས་རྟའུ་དགའ་ལྡན་ཆོས་གླིང་ངམ་བྲག་དཀར་ཆོས་གླིང་གི་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་དེ་རིང་ཉིན་གུང་ཙམ་ལ་གྲྭ་ཚེ་དབང་ནོར་བུས་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་རང་ལུས་ཞུགས་འབུལ་ཞུ་ཡུལ་ས་གནས་དེ་ག་རང་དུ་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་ཤོར་འདུག
གནས་ཚུལ་ཐོན་གསལ་ལྟར་ན། ཁོང་གི་སྐུ་ཕུང་གྲྭ་དམངས་ཀྱིས་རྟའུ་ཉ་མཚོ་དགོན་པར་གདན་འདྲེན་ཞུས་འདུག་པ་དང། གནས་ཚུལ་དེའི་རྐྱེན་པས། ས་གནས་ཀྱི་གྲྭ་བཙུན་མི་མང་དང་ཉེན་རྟོག་མི་སྣའི་དབར་གནས་སྟངས་ཛ་དྲག་ཆགས་འདུག
ང་ཚོས་སླར་ཡང་རྒྱ་ནག་གཞུང་ལ་རྔ་བ་དང་། དཀར་མཛེས། རྟའུ་བཅས་ས་ཁུལ་དུ་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་ཆུང་ཡོང་དུ་འཇུག་དགོས་པ་དང། རྒྱ་གཞུང་གིས་ད་ལྟའི་དོན་རྐྱེན་དེ་དག་གི་ཡོང་རྐྱེན་གསལ་བཟོ་དགོས་ཐོག་བོད་མི་མང་གི་དགོས་འདུན་སྒྲུབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང།
ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲལ་དུ་གནད་དོན་འདིར་ཐེ་ཇུས་གནང་སྟེ། རྒྱ་གཞུང་ནས་བོད་མི་མང་གི་མངོན་འདོད་དང། བོད་མི་ཚོའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་བྱེད་དུ་འཇུག་དགོས་པ་དང། བོད་རྒྱའི་དཀའ་རྙོག་གཙང་སེལ་ཡོང་སླད། འབྲེལ་མོལ་གྱི་ཐབས་ལམ་ཁོ་ན་བསྟེན་དགོས་པའི་དགོས་འདུན་ཤུགས་ཆེ་འདོན་གྱི་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༣ ལ།།