རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུས་རང་ལུས་མེར་བསྲེགས་བཏང་བའི་སྐོར་ལ་སྤྱི་འཐུས་རྒྱུན་ལས་ཀྱི་གསར་འགོད་གསལ་བསྒྲགས།

ཕྱི་ལོ་༢༠༡༡ ཟླ་༨ ཚེས་༡༥ ཉིན་གྱི་བོད་ནང་གི་ཆུ་ཚོད་༡༢ དང་ཕྱེད་ཀ་ཙམ་ལ། ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུའམ་མཚན་གཞན་ལ་ནོར་ཁོ་ཞེས་འབོད་པ་ཞིག་གིས་རྫོང་གི་ལས་ཁུངས་མདུན་དུ། བོད་ལ་རང་དབང་དགོས། ང་ཚོར་མཐོང་ཆུང་གཏོང་གི་འདུག ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་འཁོད་པའི་ཡིག་ཆ་བཀྲམ་པ་དང་སྐད་འབོད་བརྒྱབ་རྗེས། རང་ལུས་མེར་བསྲེགས་ཀྱིས་རང་སྲོག་བློས་བཏང་ཡོད་པ་དང་། དམ་པ་ཁོང་ནི་ཁམས་རྟའུ་ལོ་བ་གྲོང་སྡེ་ནས་ཡིན་ལ་ཕ་མིང་ལ་ཚོགས་ལེགས་དང་མ་མིང་ལ་ཤོག་ལེགས་ཟེར་ཞིང་། རང་ལོ་ ༢༩ ཙམ་ལ་སོན་ཡོད།

གནས་ཚུལ་འདི་རིགས་ཡང་ཡང་འབྱུང་རྐྱེན་གཙོ་བོ་ནི། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལག་ལེན་བྱེད་ཕྱོགས་ལ་བོད་མི་ཚོའི་འདོད་བློ་ཁེངས་ཀྱི་མེད་པ་གསལ་སྟོན་བྱེད་ཀྱི་ཡོད་ཅིང་། བོད་མིའི་སེམས་ཁོང་གི་སྐད་ཆ་དང་། བོད་མིའི་རང་དབང་ཐོབ་ཐང་གི་བྱ་བ་མཐའ་དག་ལ་ཉན་འཇོག་བསམ་ཞིབ་ལས་ལྡོག་སྟེ། ཁ་བྲལ་དང་རྒྱ་རྒོལ་གྱི་ཚད་ཐིག་ནས་འབུར་འཇོམས་བྱེད་རྐྱང་གི་སྲིད་ཇུས་འདི་རིགས་ནི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་དང་ཡོངས་སུ་འགལ་ཡོད།

རང་ཉིད་ཀྱི་གཅེས་སྲོག་བོད་བསྟན་སྲིད་ཀྱི་ཆེད་དུ་ལེགས་སྐྱེས་སུ་འབུལ་མཁན་དམ་པ་གང་དེ་དལ་རྟེན་རིམ་བརྒྱུད་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་ཐོབ་པའི་བསྔོ་སྨོན་སྐྱབས་འཇུག་དང་སྦྲགས། ཤུལ་ལུས་ཕ་མ་གཉིས་གཙོས་པའི་ཁྱིམ་མི་འབྲེལ་ལྟོས་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་།

རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་བྱེད་རྐྱང་གི་བྱེད་ཐབས་འདི་དག་འཕྲལ་དུ་མཚམས་འཇོག་དང་། བོད་མིའི་ཞི་བའི་དགོས་འདུན་ཁག་ལ་བསམ་ཞིབ་ཀྱིས། བོད་མི་ཚོར་རྒྱ་ནག་གི་བཅའ་ཁྲིམས་སུ་བཀོད་པའི་གཞི་རིམ་གྱི་ཐོབ་ཐང་ཁག་དོན་འཁེལ་འགན་ལེན་ཐོག གཞུང་གི་སྒྲིག་འཛུགས་ཀྱི་ངོས་ནས་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་ལ་གཏོར་བཤིག་གི་བྱ་སྤྱོད་མི་སྤེལ་བའི་གསལ་འདེབས་ཚོར་ཤུགས་དྲག་པོས་ཞུ་རྒྱུ་དང་། རྟའུ་ཁུལ་དུ་ཕྱི་ནང་འགྲུལ་བཞུད་བཀག་སྡོམ་དང་། དགོན་པ་དང་ཡུལ་མི་མང་ཚོགས་ལ་བརྡབ་གསིག་བརྙས་གཙེར་གྱི་ཐལ་སྤྱོད་མེད་པ་དང་། དེ་བཞིན་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་པའི་རྔ་བ་དང་། དཀར་མཛེས་སོགས་ཀྱི་རྒྱུན་མཐུད་པའི་ཛ་དྲག་གནས་སྟངས་ཞི་འཇགས་ཡོང་བའི་ཐབས་ཚུལ་ལ་དགོངས་བཞེས་འཕྲལ་དུ་གནང་དགོས་པའི་འབོད་སྐུལ་ནན་ཏན་བྱ་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༧ ལ།

Menu