རྟ་དབང་གནས་སྐོར་ཞེས་པའི་བོད་དོན་གོ་རྟོགས་ལས་འགུལ་ཐེངས་བཅུ་གསུམ་པའི་དབུ་འབྱེད་མཛད་སྒོར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་ཆེད་ཕེབས་ཀྱིས་བོད་དོན་སྐོར་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༡༩ ཉིན་རྒྱ་གར་འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཊི་ (Guwahati) རུ་རྟ་དབང་གནས་སྐོར་ (Tawang Tirth Yatra) ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་བཅུ་གསུམ་པ་དེ་བཞིན་དབུ་འབྱེད་གནང་ཡོད་འདུག

སྐབས་དེའི་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་རྒན་པ་དང་སློབ་སྟོན་པ། འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིནྡྲེཤ་ ཀུ་མཱར་ (Shri Indresh Kumar) མཆོག་དང་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག བྷི་ཇེ་པི་སྲིད་དོན་ཚོགས་པའི་ཏི་རི་པུ་རཱ་མངའ་སྡེའི་དྲུང་ཆེ་སྐུ་ཞབས་ར་བྷིན་དྷར་ ར་ཇུ་ (Rabindra Raju Ji, Secretary BJP, Samme and Tripura) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པན་ཀཇཱ་ གྷོ་ཡལ་ (Shri Pankaj Goyal Ji, BTSM National General Secretary) ལགས། ཨ་སམ་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀེ་ལ་ཤ་ སར་མ་ (Shri Kailash Sarma, President, BTSM Assam) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་འཛིན་སྐྱོང་ཚོགས་མི་ལྕམ་སྐུ་ཨུར་ཝ་ཤི་ མཱ་ཧན་ཊ་ (Ms. Urvashi Mahanta, Executive National BTSM) ལགས། ཨ་རིའི་སྨན་ལས་ཚན་རིག་པ་གྲགས་ཅན་སྨན་པ་བྷི་ཀུལ་ དྷ་སེ་ (Dr. Bikul Das, World Famous Medical Scientist, USA) ལགས། ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri Rinchen Khando Khrimay, former MP, Arunachal Pradesh) ལགས། ཨ་སམ་འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བྷི་ཆན་ སིང་གྷ་ (Dr. Bichan Kr. Singha, General Secretary, BTSM, Assam Prant) ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སོགས་ཆེད་ཕེབས་གནང་ཡོད་འདུག

ཐེངས་འདིའི་རྟ་དབང་གནས་སྐོར་ཞེས་པའི་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ནང་རྒྱ་གར་མངའ་སྡེ་ཁག་མི་འདྲ་བ་ ༢༣ ནས་མི་གྲངས་ ༢༧༥ ཙམ་མཉམ་ཞུགས་ཐོག་ཨ་སམ་ནས་དབུ་འཛུགས་ཀྱིས་མོན་གྷལ་དཡེ། (Mongaldai) དང་། རའོ་ཊ། (Rowta) འབུམ་སྡེ་ལ།(Bomdila) སེ་ལ། (Sela Pass) བཅས་བརྒྱུད་དེ་རྟ་དབང་དུ་འབྱོར་གྱི་ཡོད་འདུག

དབུ་འབྱེད་མཛད་སྒོའི་ཐོག་མར་སྐུ་མགྲོན་རྣམ་ལས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་ནས་ཨ་སམ་གྱི་སྲོལ་རྒྱུན་རིག་གཞུང་གཞས་སྣ་འཁྲབ་སྟོན་དང་། ཨ་སམ་གྱི་རྒྱལ་གཅེས་དཔའ་བོ་དམག་དཔོན་ (Lachit Borphukan) མཆོག་ལ་གུས་འདུད་དང་ཆེ་བསྟོད་ཀྱི་གླུ་གཞས་ (Lachitar Ahban) ཞེས་པ་གཟིགས་འབུལ་ཞུས་རྗེས། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་རྣམ་གཉིས་ནས་སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་” ཞེས་པའི་ཧིན་དྷིའི་ཐོག་པར་བསྐྲུན་ཞུས་པའི་ཕྱག་དཔེ་ཞིག་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིནྡྲེཤ་ ཀུ་མཱར་ (Indresh Kumar) མཆོག་ལ་ཕུལ་འདུག

དེ་ནས་སྤྱི་འཐུས་ཚེ་རིང་སྒྲོལ་མ་མཆོག་གིས། རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ། གཙོ་བོ་བོད་ནང་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་རྒྱའི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་རིགས་རྣམས་རྒྱ་རིགས་སུ་བསྒྱུར་རྒྱུའི་དམིགས་ཡུལ་ངན་པ་འཛིན་བཞིན་ཡོད་པའི་སྐོར་དང་། རྒྱ་གར་གཞུང་མང་གཉིས་ནས་བོད་མིའི་དངོས་ཡོད་གནས་ཚུལ་རྣམས་དྲིལ་བསྒྲགས་ཀྱིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ། བོད་དང་རྒྱ་གར་དབར་ས་མཚམས་ཡོད་སྟབས། བོད་ཀྱི་དཀའ་རྙོག་དང་རྒྱ་གར་གྱི་བདེ་འཇགས་ཐད་ཀར་འབྲེལ་བ་ཡོད་པ། བོད་རྒྱའི་དཀའ་རྙོག་སེལ་བ་ཡིན་ན། བོད་དང་རྒྱ་གར་དབར་སྔ་མོ་ལྟར་སྤུན་ཟླའི་འབྲེལ་བའི་རྒྱུན་འཁྱོངས་ཐུབ་ངེས་ཡིན་པ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ལ་ཉེ་བ་ཡིན་སྟབས། བོད་ཀྱི་དཀའ་རྙོག་གང་མགྱོགས་སེལ་ཐབས་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་འདུག

གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་འཕགས་བོད་འབྲེལ་མཐུད་ཚོགས་པ་ཐོག་མར་གསར་འཛུགས་གནང་མཁན་སྐུ་ཞབས་ཨིནྡྲེཤ་ ཀུ་མཱར་ (Shri Indresh Kumar) མཆོག་དང་། ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri Rinchen Khando Khrimay, former MP, Arunachal Pradesh) ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པན་ཀཇཱ་ གྷོ་ཡལ་ (Shri Pankaj Goyal Ji, BTSM National General Secretary) ལགས་བཅས་ཀྱིས་གསུང་བཤད་གནང་འདུག

 

ལས་འགུལ་དེ་ཐོག་མར་འཕགས་བོད་འབྲེལ་མཐུད་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༢ ལོར་འགོ་འཛུགས་གནང་འདུག་པ་དང་། ད་ཐེངས་ཀྱི་ལས་འགུལ་དེ་ཐེངས་བཅུ་གསུམ་པ་ཆགས་ཀྱི་ཡོད་པ་བཅས།