༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བླ་སྤྱིའི་འདུ་ཁང་དུ་རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཞྭ་སེར་བསྟན་པའི་སྲོལ་འབྱེད་འཇམ་དབྱངས་མི་ཡི་རྣམ་རོལ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༦༠༠ ཧྲིལ་པོ་འཁོར་བའི་དགོངས་རྫོགས་རྗེས་དྲན་ཆེན་མོའི་ཚོགས་མགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་པ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཇིག་རྟེན་ཞི་བདེའི་དེད་དཔོན་བོད་མི་ཡོངས་ཀྱི་མཚུངས་ཟླ་མ་མཆིས་པའི་མགོན་སྐྱབས། བླ་ན་མེད་པའི་དབུ་ཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང་ཆིག་སྒྲིལ་གྱི་མཚོན་རྟགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་དང་བཅས། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེན་པོ་མཆོག་དང་། ཁྲི་ཟུར་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་པའི་མཁན་བླ་ལས་ཟུར་རྣམ་པ་དང། སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལས་ཟུར་རྣམ་པ་དང། རྒྱ་ཆེའི་མི་མང་རྣམ་པ་བཅས་ལ་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲི་ཞུ་རྒྱུ་ཡིན།
སྤྱིར་རྗེ་བདག་ཉིད་ཆེན་པོའི་མཛད་པ་མཐའ་ཡས་ཤིང་བརྗོད་དུ་མེད་པ་ཞིག་ཡིན་མོད་ “ཁྱོད་ཀྱི་རྣམ་ཐར་ཆེན་པོའི་ཆེན་མོ་རྣམས། ། རིང་དུ་གནས་ཀྱང་མངོན་སུམ་བཞིན་དུ་ཐོས། །” ཞེས་གསུངས་པ་བཞིན། དེ་རིང་རྗེས་དྲན་ཆེད་མཛད་རྣམ་སྙིང་བསྡུས་ཤིག་གསོལ་རྒྱུར། བོད་གངས་ཅན་ལྗོངས་ཀྱི་བཀའ་གདམས་གསར་མའམ་རི་བོ་དགེ་ལུགས་པའི་བསྟན་པའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནི་སྔོན་ཚེ་རྒྱལ་བའི་དབང་པོའི་སྤྱན་མངར་སྙིང་སྟོབས་ཆེན་པོས་དམ་བཅའ་བཞེས་ཏེ་བསམ་བཞིན་སྲིད་པར་བཟུང་ནས་བོད་གངས་ཅན་ལྗོངས་ཀྱི་མདོ་ཁམས་ཙོང་ཁའི་ཡུལ་དུ་ཕྱི་ལོ་ ༡༣༤༧ ལོར་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལྷ་བླ་མའི་བཀའ་ལུང་བཞིན་བྱ་ཁྱུང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ་ནས། དགུང་ལོ་བཅུ་དྲུག་ཐོག་བོད་དབུས་གཙང་ཕྱོགས་སུ་ཕེབས་ཏེ་འབྲི་གུང་དཔལ་གྱི་ནགས་ཁྲོད་དང། གསང་ཕུ། མྱང་སྟོད། ཞྭ་ལུ། སྣར་ཐང། ས་སྐྱ། བོ་དོང་སོགས་སུ་རིམ་གྱིས་ཕེབས་ནས་གསན་བསམ་དང། དགུང་ལོ་ཉེར་བཞི་ཕྱི་ལོ་ ༡༣༨༡ ལོར་ཡར་ཀླུང་ཚོགས་ཆེན་མཁན་པོ་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས། སྔ་ཕྱིར་ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ་དང། ས་བཟང་པཎ་ཆེན་མ་ཏི་བ། དབུ་མ་བརྩོན་འགྲུས་སེང་གེ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། བུ་སྟོན་ཐུགས་སྲས་ཆོས་ཀྱི་དཔལ། བྲ་གོར་མཁན་ཆེན་ཆོས་སྐྱོང་བཟང་པོ་སོགས་སྐྱེས་ཆེན་དམ་པ་མང་པོ་སྤྱི་བོར་བསྟེན་ནས། ཐུན་མོང་གི་རིག་གནས་སྤྱི་དང་སྒོས་སུ་མདོ་སྔགས་ཀྱི་ཟབ་མོའི་ཆོས་མཐའ་ཡས་པ་གསན་བསམ་མཛད་པ་དང། ལྷག་པར་འཇམ་དབྱངས་གཉེན་དུ་བསྟེན་ནས་ཟམ་མོ་དབུ་མའི་དོན་མ་ལུས་པ་ཐུགས་སུ་ཆུད་དེ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དཔལ་ནཱ་ལེནྡྲའི་མཁས་པ་དག་ལྟར་མཁས་པའི་དབང་པོའི་གོ་འཕང་མངའ་བསྙེས་ཏེ་མདོ་སྔགས་ཀྱི་བསྟན་པ་ལ་དག་ཐེར་མཛད། ཕྱི་ལོ་ ༡༤༠༩ ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མཆོད་ཀྱིས་མཚོན་མཛད་ཆེན་བཞི་དང། འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་སྟེ། བོད་ཁ་བ་ཅན་གྱི་ལྗོངས་སུ་མདོ་སྔགས་ཟུང་དུ་འབྲེལ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ལྟར་གསལ་བར་མཛད་པའི་བཀའ་དྲིན་གཞལ་ཟླ་བྲལ་བའི་རླབས་ཆེན་གྱི་མཛད་པ་བསྐྱངས་ནས། མཐར་དགུང་གྲངས་རེ་གསུམ་པ་ཕྱི་ལོ་ ༡༤༡༩ རབ་བྱུང་བདུན་པའི་ས་ཕག་བོད་ཟླ་ ༡༠ པའི་ཚེས་ ༢༥ ཉིན་དགའ་ལྡན་དུ་དགོངས་པ་གཞན་དོན་དུ་གཤེགས།
དེ་ཡི་རྗེས་ལོ་ཕྱི་ལོ་ ༡༤༢༠ ལྕགས་བྱི་ཟླ་བ་ ༡༠ པའི་ཚེས་ ༢༥ ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་བསྒྲུབས་ཏེ་རྗེ་རིན་པོ་ཆེའི་འདས་མཆོད་རྒྱ་ཆེར་མཛད་སྟབས། དུས་དེ་ནས་བཟུང་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་པའི་སྲོལ་དར་ནས་བོད་ཁམས་ཡོངས་སུ་ལོ་ལྟར་བོད་ཟླ་ ༡༠ པའི་ཚེས་ ༢༥ ཉིན་གྱི་དགོང་མོར་ཁང་པའི་ཕྱི་ནང་ཀུན་ཏུ་མཆོད་མེ་འབུལ་བའི་སྲོལ་བཟང་དར་ནས་ད་ཆ་མི་ལོ་ ༦༠༠ ཧྲིལ་པོ་འཁོར་བཞིན་ཡོད།
ཡིན་ན་ཡང་དེང་སྐབས་བོད་ནང་དུ་རྒྱ་གཞུང་གི་བཀོལ་བྱུས་འོག་ཆོས་དད་རང་དབང་མེད་ན་ཡང་། ང་ཚོ་བཙན་བྱོལ་རང་དབང་ལུང་པའི་ནང་དེ་རིང་གི་འདུ་འཛོམས་འདི་ལྟ་བུ་ཞིག་བྱ་རྒྱུའི་གོ་སྐབས་བྱུང་བ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་ཐོབ་པ་ཞིག་ཡིན། དེ་ཡང་དང་ཐོག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་མཚམས་ངོ་ཤེེས་པ་ས་དང་གནམ་ལས་མེད་པའི་གནས་སྟངས་འོག་སྐྱ་སེར་ཚང་མ་ལམ་བཟོར་ཞུགས་དགོས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་ཁར་ས་ཆུ་མ་འཕྲོད་པའི་དབང་གིས་དགེ་འདུན་པ་མང་དག་ཅིག་རྐྱེན་འདས་སུ་གྱུར་ནས་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད། འོན་ཀྱང་སྐབས་དེར་ལམ་བཟོ་བ་དགེ་འདུན་པ་འགར་རབ་བྱུང་གི་ན་བཟའ་ཡོད་མིན་ལ་མ་ལྟོས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ནས་གསོ་སྦྱོང་ཕྱག་ལེན་མཛད་པ་སོགས་མཛད་དཀར་གདོང་ལེན་མཐར་ཕྱིན་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་མཛད་ཡོད་ལ། ལམ་བཟོ་ནས་སྦག་སར་ཆོས་སྒར་དང། རིམ་གྱིས་གཞིས་ཆགས་ཁག་གསར་འཛུགས་དང་སྦྲགས་ཆོས་སྡེ་ཁག་ཆེད་འཛུགས་མཛད་ནས་ད་ལྟའི་གནས་སྟངས་འདི་ལྟ་བུ་བྱུང་བའི་བཀའ་དྲིན་ནི་གཞལ་མཐའ་མ་མཆིས་པ་ཞིག་ཡིན།
དེར་བརྟེན་དེ་རིང་གི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ཏེ་མི་ལོ་ ༦༠༠ ཧྲིལ་པོ་འཁོར་བའི་རྗེས་དྲན་ཆེན་མོ་འདིར་ཡང་དེང་གི་དུས་སུ་ཆོས་ལུགས་སྤྱི་དང་ཡང་སྒོས་རྗེའི་བསྟན་པ་ལ་བཀའ་དྲིན་དང་མཛད་རྗེས་ཆེ་ཤོས་མཛད་མཁན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རི་བོ་དགེ་ལྡན་པའི་སྤྱི་ཐོག་ནས་རྗེ་ཙོང་ཁ་པའི་གཟེངས་རྟགས་འབུལ་བཞེས་སོགས་རྒྱལ་སྤྱིའི་རྗེས་དྲན་འདི་ལྟ་བུ་གོ་སྒྲིག་གནང་བར་ལས་ཀྱི་སྣེ་མོ་བ་རྣམས་དང་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་མཛད་སྒོ་འདིའི་སྔ་རོལ་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང། ཤར་བྱང་ཆོས་རྗེ་རྣམ་གཉིས་ནས་གསང་བདེ་འཇིགས་གསུམ་གྱི་གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་དབང་གནང་ཡོད་པ་དང། མཛད་སྒོ་འདི་གྲུབ་མཚམས་སུའང་རྗེ་ཚེ་འཛིན་མའི་རྗེས་གནང་དང་བརྟན་བཞུགས་བསྟར་འབུལ་གྱིས་མཚོན། མདོ་ཕྱོགས་ཀྱི་དབུ་ཕར་དང་དྲང་ངེས་དམ་བཅའ་ཆེན་མོ། རྗེ་ཉིད་ཀྱི་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་མཚན་འདོན། རྒྱལ་སྤྱིའི་མཁས་པའི་བགྲོ་གླེང། རྗེའི་མཛད་ཐང་འགྲེམ་སྟོན་སོགས་མདོ་སྔགས་ཀྱི་བསྟན་པ་གསེར་བཙོ་མ་ལྟ་བུ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་སོགས་ཀྱི་ཆེད་རྗེ་རིན་པོ་ཆེའི་མཛད་ཆེན་ཁག་དང་མཐུན་པའི་མཛད་འཆར་མང་དག་ཅིག་བསྐྱངས་དང་སྐྱོང་བཞིན་པར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།
དེང་སྐབས་བོད་ནང་གི་ཆོས་སྡེ་ཁག་ཏུ་རྒྱ་གཞུང་གི་ལས་དོན་ཚོགས་ཆུང་མངགས་གཏོང་བྱས་ཏེ་བཙན་གནོན་གྱི་བཀོལ་བྱུས་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཙམ་ཡང་དད་རྟེན་དུ་སྒྲིག་གཤོམ་མི་ཆོག་པ་མ་ཟད། རྒྱ་གཞུང་གི་ཆོག་མཆན་མེད་པར་དགོན་སྡེ་ཁག་ཏུ་མཁན་བླ་སོགས་ཀྱིས་བཀའ་ཆོས་དང། ཆོས་ལུགས་ཀྱི་བྱེད་སྒོ་གང་ཡང་བྱེད་མི་ཆོག་པའི་ཁར་གྲྭ་བཙུན་རྣམས་ཀྱི་འགྲོ་སྡུག་སྤྱོད་གསུམ་ཚུན་ཆད་ལ་ཡང་སྟངས་འཛིན་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཡེ་ནས་མེད་པའི་ངང་གནས་ཡོད།
འུ་ཅག་ཚོ་བཙན་བྱོལ་དུ་གནས་ཡོད་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཆོས་དད་རང་དབང་དང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་བཟང་པོ་ཡོད་སྟབས། ཆོས་སྡེ་སོ་སོའི་ལས་སྣེ་དབུ་ཆོས་རྣམ་པ་དང་འདུ་དམངས་ཡོངས་ཀྱི་ཕྱར་བ་གྲུ་འདེགས་ཀྱིས་ནུས་པ་མཉམ་སྤུངས་ཐོག་ལམ་བསླབ་པ་གསུམ་གྱི་ཉམས་བཞེས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གནང་སྟེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྔར་ལས་དར་ཞིང་རྒྱས་པ་གནང་དགོས་པའི་གསོལ་འདེབས་ཞུ་རྒྱུ་དང་སྦྲགས། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་སྙན་གསོལ་ཞུ་རྒྱུར་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱི་ཞལ་མངའ་ནས་ “རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ། ། ཐོགས་པ་མེད་པར་འཇུག་པའི་རྣམ་དཔྱོད་ཀྱིས། ། རྟག་ཏུ་ལེགས་བཤད་འཚོལ་བར་ལྷུར་བླངས་པས། ། རྒྱ་ཆེན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །” ཞེས་དང། རྗེ་ཉིད་ཀྱི་ཞལ་མངའ་ནས་ཀྱང་ “གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། ། ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །”ཞེས་གསུངས་པ་བཞིན། རིས་མེད་མདོ་སྔགས་ཀྱི་གཞུང་ཆེན་སྤྱི་ལ་མཁྱེན་རྒྱ་ཆུབ་པའི་སློབ་གཉེར་གནང་དང་གནང་མུས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་རིམ་ཕེབས་བཞིན། གཞུང་ཆེན་བྱེ་བྲག་པ་སོ་སོའི་ཐོག་ཆེད་མཁས་རིག་གཅིག་རྐང་འཛིན་གང་མང་ཐོན་ཐུབ་རྒྱུར་འབད་བརྩོན་གནང་དགོས་པའི་ཞུ་བསྐུལ་ནན་ཞུ་ཞུ་རྒྱུ་ཡིན།
མཐའ་དོན་ ”སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང། ། བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང། ། བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། ། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །” ཅེས་ཤིས་བརྗོད་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྨོན་འདུན་དང་བཅས་ཞེས་གསུངས་གནང་ཡོད་པ་བཅས། །