༄༅། །བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་སྔ་ནུར་གྱིས་སྲུང་བརྩི་དང་བསྟུན། དེ་རིང་ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༥ ཉིན་སྔ་དྲོ་རྡ་ས་མེག་གྷན་གཙུག་ལག་ཁང་གི་ཉེ་འཁྲིས་བོད་ཀྱི་འགྲེམས་སྟོན་ཁང་དུ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་རྗེ་བཙུན་མི་ལ་རས་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མི་ཚེའི་དངོས་བྱུང་མཛད་པ་དག་ལས་ ༨༨༨ ལྷག་ཐུན་མོང་མ་ཡིན་པའི་བོད་ཀྱི་ཐང་གའི་ལམ་ནས་འབྲི་བཞེངས་ལེགས་པར་གྲུབ་པའི་འགྲེམས་སྟོན་མཛད་སྒོ་ཞིག་ཚོགས་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བོད་ཀྱི་བཟོ་རིག་པའི་སྐོར་ལ་གསུང་བཤད་གནང་དོན། གོང་དུ་ལྷ་བྲིས་སྐལ་བཟང་ལགས་ཀྱིས་ཐང་ག་དེ་བཞེངས་དགོས་པའི་རྒྱུ་མཚན་དང་། དེ་བཞིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་རྣལ་འབྱོར་དབང་ཕྱུག་མི་ལ་རས་པའི་རྣམ་ཐར་རེད། ང་ཚོའི་རིག་གཞུང་གི་རྒྱབ་ལྗོངས་དང་འབྲེལ་བའི་ཐོག་གསུངས་གནང་སོང་། དེ་ཚོ་གལ་ཆེན་པོ་ཞེ་དྲག་རེད། ལྷ་བྲིས་སྐལ་བཟང་ལགས་ཀྱིས་གཙོས་པའི་དཀའ་ལས་རྒྱག་མཁན་ཡོངས་ནས་ལོ་ངོ་གཉིས་ཀྱི་རིང་རྣམ་དཔྱོད་ཀྱི་རྩལ་བཏོན་པའི་འབྲས་བུར་དེ་རིང་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པ་དེ་ཧ་ཅང་གི་བྱས་རྗེས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་སྒྱུ་རྩལ་དར་སྤེལ་གླིང་དེ་ཐོག་མར་དབུ་འབྱེད་གནང་སྐབས་ང་རང་བཅར་རྒྱུ་བྱུང་། དེ་ནས་བཟུང་སྟེ་ང་ཚོ་ཕན་ཚུན་ངོ་ཤེས་ནས་ཁོང་གིས་ལས་འཆར་དེ་ཚོ་འགྲེལ་བརྗོད་གནང་བ་དང་། གྲོས་ཚོགས་ཀྱི་ཚོགས་ཁང་གསར་པ་བཞེངས་པའི་སྐབས་གྲོས་ཚོགས་ཀྱི་ཚོགས་ཁང་གི་དྲ་བ་དྲ་ཕྱེད་རྣམས་དང་བླངས་ཀྱིས་བཟོས་པ་རེད། དེ་བཞིན་བཀའ་ཤག་ལའང་རི་མོ་བྲིས་ཡོད་རེད། དེ་ལས་གལ་ཆེ་བ་གཅིག་ལ་མདོ་སྨད་ཆོལ་ཁའི་ཐོག་ནས་༧སྐུའི་གྱ་སྟོན་སྲུང་བརྩི་ཞུས་སྐབས་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་རྣམས་རི་མོའི་ལམ་ནས་མཇལ་རྒྱུ་ཡོད་པའི་མཛད་ཐང་ཞིག་བྲིས་གནང་ཡོད་པ་སོགས་སྤྱི་ཚོགས་དང་འབྲེལ་བའི་ཐོག་ཕྱག་ལས་མང་པོ་ཞིག་གནང་ཡོད་རེད། ཁོང་གིས་སྒྱུ་རྩལ་དར་སྤེལ་གླིང་དེ་ཐོག་མར་བཙུགས་སྐབས། བོད་ལ་རང་ལུས་མེར་བསྲེགས་བྱུང་བའི་དུས་ཚོད་འཁེལ་ཡོད་ཅིང་། སྐབས་དེར་ཁོང་གིས་སེམས་པ་མཚོན་ཆེན་འདྲ་པོ་རང་ལུས་མེར་བསྲེགས་གནང་མཁན་དེ་དག་ཆེད་སྐྱེས་བླ་བཞེངས་ཀྱི་ཡིན་ཞེས་༧རྒྱལ་བ་རིགས་ལྔའི་ཞལ་ཐང་ཞིག་བཞེངས་ནས་ང་ཚོས་སྒོ་འབྱེད་གནང་བ་རེད། བོད་ཀྱི་བསྟན་སྲིད་དང་འབྲེལ་བའི་ཐོག་ལའང་དགོངས་པ་རྒྱ་ཆེན་པོ་བཞེས་ནས་ཕྱག་ལས་གནང་སྡོད་ཀྱི་འདུག་པས་དེ་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན།
རྩ་བའི་བོད་ལ་བཅུ་ཕྲག་རིག་གནས་ཟེར་སྲོལ་ཡོད་པ་ལྟར། རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ཡོད་ཅིང་། དེ་ཡང་རིག་གནས་ཆེ་བ་ལྔའི་ནང་བཟོ་དང་། གསོ་བ། སྒྲ། ཚད་མ། ནང་དོན་རིག་པ་བཅས་ལྔ་ཡོད། དེ་ཚོའི་དགོས་པ་འདྲ་པོ་གང་རེད་ཟེར་ན། བཟོ་དང་། གསོ་བ་དེ་ཚོ་གང་ཟག་རྗེས་སུ་འཛིན་པ་དང་། དེ་བཞིན་སྒྲ་དང་། ཚད་མ་རིག་པ་དེ་ཚོ་གང་ཟག་ཚར་གཅད་རྒྱུ། ནང་དོན་རིག་པ་ཟེར་དུས་ལམ་ཤེས་པར་བྱ་བའི་ཆེད་དུ་ཡིན་པའི་དགོས་པ་རྒྱུ་མཚན་འདྲ་བཤད་ཀྱི་འདུག བཟོ་དང་། གསོ་བ་རིག་པ་ནི་གདུལ་བྱ་རྗེས་སུ་འཛིན་ཟེར་དུས་དབང་དུ་བསྡུས་རྒྱུ་ཙམ་མིན་པར་སྤྱི་ཚོགས་ལ་ཕན་ཐོགས་རྒྱུ་དང་། མི་རིགས་ལ་ཕན་ཐོགས་རྒྱུ། ཆེ་ས་ནས་བཤད་ན་འཛམ་གླིང་སྤྱི་ལ་ཕན་ཐོགས་རྒྱུ་སོགས་ཀྱི་ཆེད་དུ་རེད་འདུག དེ་བཞིན་སྒྲ་དང་། ཚད་མ་རིག་པ་དེ་ཚོ་ཚར་གཅད་རྒྱུ་ཟེར་གྱི་ཡོད་དུས། དེས་དབང་དུ་བསྡུས་རྒྱུ་གཅིག་པུར་གོ་གི་མེད་པར། ཚིག་དང་དོན་ལ་ནོར་འཁྲུལ་བྱུང་བ་ཡིན་ན་བསྲང་རྒྱུའི་ཆེད་དུ་ཡིན་པ་རེད། ནང་དོན་རིག་པ་ནི་ཉོན་མོངས་དུག་གསུམ་འདུལ་བའི་ཆེད་དུ་སངས་རྒྱས་པའི་ས་ཟེར་ན་མི་འདུག གང་ལྟར་ལམ་རིམ་གྱི་རྣམ་གཞག་འདྲ་པོ་ཆགས་བསྡད་ཀྱི་འདུག དེ་ཡིན་དུས་བཟོ་རིག་པ་ཟེར་དུས་གཞན་ལ་ཕན་ཐོགས་ཐུབ་པ་བྱ་རྒྱུ་དང་། སོ་སོས་ཤེས་པ་ཡིན་ན་མང་ཚོགས་ནས་བཀུར་བསྟི་ཡོང་གི་ཡོད་པ་རེད། གང་ལྟར་གཞན་ལ་ཕན་ཐོགས་ཐུབ་པ་ཞིག་གོ་གི་ཡོད་རེད། ད་ལྟ་རྣལ་འབྱོར་དབང་ཕྱུག་མི་ལ་རས་པའི་མཛད་ཐང་དེ་ཧ་ལས་པའི་རྩ་ཆེན་པོ་ཆགས་བསྡད་ཀྱི་རེད་བསམ་གྱི་འདུག རྒྱ་གར་ནང་ནང་ཆོས་ཐོག་ལ་པཎ་གྲུབ་བཅུ་བདུན་དང་། རྒྱ་གར་གྱི་གྲུབ་ཆེན་བརྒྱད་བཅུ་ཞེས་གྲངས་ཀ་བརྒྱབ་རྒྱུ་ཡོད་པ་རེད། བོད་ལ་ཆོས་བརྒྱུད་རིས་སུ་མ་ཆད་པར་རྣལ་འབྱོར་པ་རྟོགས་པ་མཆོག་ཏུ་གྱུར་བ་མང་པོ་ཞིག་ཡོང་གི་ཡོད་ཀྱང་། གྲུབ་ཆེན་བརྒྱད་བཅུ་ཟེར་བ་ལྟ་བུའི་གྲངས་ཀ་བརྩི་རྒྱུ་ཞིག་ད་བར་མི་འདུག མི་ལ་རལ་པ་རྣལ་འབྱོར་པ་གྲུབ་ཆེན་ཞིག་ཡིན་པ་ཚང་མས་མོས་མཐུན་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་ཡོད། ནང་ཆོས་དར་ནས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་འགྲོ་གི་ཡོད་ཀྱང་། རྒྱ་གར་ལ་ནང་ཆོས་ཀྱི་ཆོས་པ་དེ་མི་ཉམས་པར་རྒྱུན་འཛིན་ཤུགས་ཆེན་པོ་བྱུང་ཡོད་རེད། བོད་ནང་ལོགས་ལ་ནང་ཆོས་དར་བའི་རྗེས་སུ་ལམ་བསླབ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ཟེར་སྲོལ་ཡོད་པ་ལྟར། འཆད་ཉན་ཐོག་ལ་བསམ་གྱིས་མ་ཁྱབ་པའི་མཁས་པ་མང་པོ་ཞིག་བྱུང་ཡོད་པ་རེད། བསླབ་གསུམ་ཉམས་ལེན་གྱི་ཐོག་ལ། སངས་རྒྱས་བསྟན་པ་ལ་དམིགས་བསལ་གྱིས་ཉམས་ལེན་དེ་འདྲ་གནང་བ་ཡིན་ན། གྲུབ་འབྲས་དེ་འདྲ་ཞིག་ཡོང་རྒྱུ་ཡོད་རེད་ཟེར་རྒྱུའི་དམིགས་འདོན་འདྲ་པོ་ཞིག་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་བཞག་པ་ཡིན་ན་བཞག་ཐུབ་པ་ཞིག་རེད། བོད་ལ་ནང་ཆོས་དར་བ་ནས་བཟུང་སྟེ་ཁོང་བོད་ལ་དཔེ་མཚོན་འདྲ་པོ་ཞིག་ཆགས་ཀྱི་ཡོད། དེང་སང་རྒྱལ་སྤྱིའི་ནང་དྲི་བ་དེ་འདྲ་སླེབས་ཡོང་གི་འདུག ནང་ཆོས་ལ་དོ་སྣང་སླེབས་ཀྱི་ཡོད་དུས་སྤྱོད་པ་དང་། ལག་ལེན་ཐོག་ནས་ཚད་གཞི་ཡག་པོ་ཞིག་མཐོང་མ་ཐུབ་དུས་དེ་ཚོ་གང་འདྲ་རེད་ཅེས་དྲི་བ་སླེབས་ཡོང་གི་འདུག དུས་རབས་བཅུ་གཅིག་ནང་བྱུང་བའི་མི་ལ་རས་པ་དམིགས་འདོན་ཞུ་ས་འདྲ་པོ་ཆགས་བསྡད་ཀྱི་འདུག ཁོང་ནི་བོད་སྤྱི་ཡོངས་ཀྱི་ནང་ཆོས་ལ་མཛད་རྗེས་ཆེན་པོ་འཇོག་མཁན་ཞིག་ལ་ངོས་འཛིན་ཞུ་ཐུབ་རྒྱུའི་གནས་སྟངས་འདྲ་པོ་ཆགས་ཡོད་རེད།
དེ་བཞིན་བཟོ་རིག་པ་ཟེར་དུས་བཤད་སྟངས་གཅིག་ལ། ལུས་ངག་ཡིད་གསུམ་གྱི་བཟོ་སྟངས་ཤིག་དང་། ལུས་ཀྱི་བཟོ་ལ་གཙོ་བོ་དང་། ཕལ་པ་ཞེས་དབྱེ་བ་དང་། གཙོ་བོ་ལ་༧རྒྱལ་བའི་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན། དེ་ཡང་སྐུ་རྟེན་ལ་སྐུ་འདྲ་བཞེངས་རྒྱུས་མཚོན་པའི་རི་མོ་འབྲི་རྒྱུ་སོགས་མང་པོ་ཡོད་པའི་ནང་ནས་དང་པོ་དེ་རི་མོ་འབྲི་རྒྱུ་དེ་སླེབས་ཡོང་གི་འདུག དེ་བྱུང་ཚུལ་གོང་དུ་གསུངས་པ་ལྟར། སྟོན་པ་ཞལ་བཞུགས་པའི་སྐབས་ནས་རེད། བོད་ལ་ནང་ཆོས་མ་དར་བའི་སྔོན་ནས་རི་མོའི་རྣམ་པ་འགྲེལ་བཤད་གནང་མཁན་ཡོང་གི་འདུག དུས་རབས་བརྒྱད་པའི་རྗེས་ནས་བཟུང་དེ་ཚོའི་ཐོག་སྔར་ལྷག་དར་རྒྱས་བྱུང་ཡོད་པ་རེད། དེ་འདྲའི་ཐོག་ནས་བཟོའི་རྟེན་གཙོ་བོ་༧རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་དེ་ཚོ་བྱས། ཕལ་པ་ལ་འཇིག་རྟེན་གྱི་གོས་བཟོ་དང་། ཐག་བཟོ། གསེར་བཟོ། ལམ་བཟོ། གཞན་གཞོམ་པར་བྱེད་པ་དང་། རང་སྲུང་བར་བྱེད་པའི་དེང་སང་གི་མཚོན་ཆའི་རིགས་ཚང་མ་དེའི་ཁོངས་གཏོགས་ཚུད་བསྡད་ཀྱི་འདུག བཟོ་རིག་པ་དེ་ཧ་ཅང་གི་ཁྱབ་ཆེན་པོ་ཡིན་སྟབས། མཁས་པ་རིགས་གཅིག་གིས་བཤད་སྟངས་བྱས་པ་ཡིན་ན་རིག་གནས་ཚང་མ་དེའི་ནང་ཚུད་བསྡད་ཀྱི་ཡོད་པ་འདྲ་པོ་གསུང་གི་འདུག བོད་ནང་ལོགས་ལ་བཟོ་རིག་པའི་རྣམ་གྲངས་དེ་ཚོ་སྐྱེས་ཆེན་དམ་པ་རྣམ་པས་སྲོལ་གཏོད་པ་ལས་བྱུང་བསྡད་པ་ཤ་སྟག་རེད་འདུག དེང་སང་བོད་ནང་ཐང་གའི་རིགས་དར་ཁྱབ་ཆེན་པོ་བྱུང་གི་འདུག དེ་བཞིན་བལ་ཡུལ་དང་། རྒྱ་གར་ནང་ལའང་མང་པོ་ཞིག་ཡོང་བསྡད་ཀྱི་འདུག ལྷ་བྲིས་སྐལ་བཟང་འདྲ་པོ་ཞིག་ཡིན་ན། ད་ལྟ་ཁུངས་གཏུགས་ས་འདྲ་པོ་ཞིག་ཆགས་བསྡད་ཡོད་རེད། དེ་བཞིན་ནུབ་ཕྱོགས་དང་། ཨེ་ཤི་ཡའི་ལུང་པ་ཁག་གི་ནང་ཐང་ག་འབྲི་རྒྱུའི་ཐོག་དོ་སྣང་བྱས་ནས་དངོས་སུ་དེའི་ཐོག་དུས་ཚོད་བཏང་ནས་སློབ་སྦྱོང་བྱེད་རྒྱུ་དེ་འདྲ་ཡོང་གི་འདུག བོད་ཀྱི་སྲོལ་རྒྱུན་རིག་གནས་གཅིག་པུ་མ་ཡིན་པར། བོད་ཀྱི་ཆོས་དང་། རིག་གཞུང་། སྤྱི་ཚོགས་ཀྱི་གནས་སྟངས་ཚང་མ་མཚོན་ཐུབ་རྒྱུར་རི་མོ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཀྱི་འདུག དེ་ཚང་མས་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཀྱི་འདུག དེ་གང་ཟག་གཅིག་གིས་འཚོ་གནས་ཙམ་ལ་ངོས་འཛིན་མ་བྱས་པར། ང་ཚོའི་སྤྱི་ཚོགས་དང་། བོད་པའི་མི་རིགས་དང་འབྲེལ་བ་ཡོད་པར་ངོས་འཛིན་གནང་དགོས་པ་མ་ཟད། དེ་ཚོ་རྒྱུན་འཛིན་གནང་མཁན་རྣམས་ལ་རིན་ཐང་དང་། ཆ་འཇོག ཡིད་ཆེས་གནང་དགོས་པ་གལ་ཆེན་པོ་རེད་འདུག
བོད་ལ་ནང་ཆོས་ཀྱི་ཐོག་ནས་མི་རིགས་དང་། རིག་གཞུང་། ཆབ་སྲིད་ཀྱི་ཐོག་ལའང་རིན་ཐང་སླེབས་བསྡད་ཡོད་པ་གསལ་པོ་རེད་འདུག མ་འོངས་པར་དེའི་ཐོག་འགྲོ་དགོས་པའི་གནས་སྟངས་ཆགས་བསྡད་ཀྱི་ཡོད་དུས། ནང་ཆོས་དང་འབྲེལ་བའི་རིག་གཞུང་ཐོག་ལ་ཉམས་པ་སླར་གསོ་གནང་དགོས་པ། ད་རེས་གཙོ་བོ་ལྷ་བྲིས་སྐལ་བཟང་ལགས་ཀྱིས་སྐུ་ལས་བསྐྱོན་ནས་བྱུང་བའི་ཐང་ག་དེ་བཞིན་བོད་མི་རིགས་ཀྱི་རྒྱན་ཆ་འདྲ་པོ་ཆགས་བསྡད་ཀྱི་ཡོད་རེད། རྒྱ་ཆེ་ཙམ་འགྲོ་བ་ཡིན་ན། ནང་ཆོས་ལ་ཞུགས་མཁན་ཡོངས་ཀྱི་རྒྱན་ཆ་ཆགས་བསྡད་ཀྱི་ཡོད་པ་དང་། རིམ་པས་འཛམ་གླིང་གི་རྒྱན་ཆ་ཡང་ཆགས་ཀྱི་ཡོད་པ་རེད། དེ་འདྲའི་རིག་གཞུང་དེ་གསེར་བཙོ་མ་ལྟར་འོད་དེ་ཆེ་རུ་ཆེ་རུ་འགྲོ་ཡི་རེེད། དེ་རིང་གི་ལས་འཆར་དེ་གལ་ཆེན་པོར་ངོས་འཛིན་གྱིས་འགན་ཁུར་མཁན་གྱིས་ཀུན་སློང་ཡག་པོ་བཞེས་ནས་ཐང་ག་དེ་ལྟར་བྲིས་པར་དམིགས་བསལ་བསྔགས་བརྗོད་ཞུ་རྒྱུ་དང་། དེ་རིང་༧སྐྱབས་མགོན་རིན་པོ་ཆེ་དགུང་ལོ་ ༨༨ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྔ་ནུར་གྱི་སྲུང་བརྩིའི་ཐོག་ནས་མཛད་སྒོ་ཚོགས་ཀྱི་ཡོད་པ་དང་། བོད་བསྟན་སྲིད་མི་རིགས་དང་བཅས་པའི་བླ་སྲོག་ནི་༧སྐྱབས་མགོན་རིན་པོ་ཆེ་ཆགས་བསྡད་ཀྱི་ཡོད་སྟབས། དེ་རིང་གི་དགེ་བའི་རྩ་བ་དེ་ཡང་༧སྐྱབས་མགོན་རིན་པོ་ཆེའི་༧སྐུ་ཚེ་ཡུན་དུ་བརྟན་རྒྱུར་ང་ཚོས་བསྔོ་བ་བྱེད་རྒྱུ་དང་། དེ་བཞིན་བོད་བསྟན་སྲིད་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་ཚོད་ལ་སླེབས་བསྡད་ཀྱི་ཡོད་དུས། ཚང་མས་བསྔོ་བ་སྨོན་ལམ་གནང་དགོས་པ་གལ་ཆེན་པོ་རེད་འདུག མཐའ་དོན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་གནང་སོང་།
གཞན་སྐུ་མགྲོན་དུ་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་དང་། ལྷ་བྲིས་སྐལ་བཟང་ལགས་ཀྱིས་ལས་འཆར་སྐོར་ངོ་སྤྲོད་གནང་སོང་བ་བཅས། །