རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༡༦ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ (India International Centre) རུ་ཉིན་གྲངས་བཞིའི་རིང་གི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་དེ་བཞིན་དངོས་སུ་དབུ་འཛུགས་གནང་ཞིང་། སྐབས་དེའི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ནཱ་ར་ཝན་ (General Dr.MM Naravane(Retd), the Former Chief of Army) མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་ཆེད་ཕེབས་གནང་འདུག

དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་བ་དང་། དེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་ཞུས་རྗེས། སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་དམག་སྤྱི་ཟུར་པ་སྐུ་ཞབས་ནཱ་ར་ཝན་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོགརྣམ་གཉིས་ནས་སྣང་གསལ་མར་མེ་ཞལ་ཕྱེ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་འདུག

སྐབས་དེར་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག་གིས་ཁོང་སྒེར་ངོས་ནས་དུས་རྒྱུན་རང་བཙན་ཞེས་པའི་འབོད་ཚིག་ལ་དགའ་ཞེན་དང་། བརྩི་བཀུར་ཞུ་མཁན་ཞིག་ཡིན་པ་དང་། དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཐོག་བཅར་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སྐོར། ཚོགས་འདུ་ཉིན་བཞིའི་རིང་གི་བརྗོད་གཞི་ཁག་གལ་གནད་ཅན་ཤ་སྟག་ཡིན་པ་དང་། དེ་བཞིན་ཚོགས་བཅར་བ་རྣམ་པ་གནའ་དེང་གི་ཤེས་ཡོན་གཉིས་ལྡན་དང་། བོད་མི་རིགས་ལ་བརྩེ་བ་ཡོད་མཁན། གཞིས་བཞུགས་བོད་མིའི་གནས་སྟངས་ཀྱི་ཁ་ཕྱོགས་ལ་བསམ་ཤེས་གནང་མཁན་ཤ་སྟག་ཡིན་པར་ངོས་འཛིན་གནང་གི་ཡོད་པའི་ཐོག་ནས་ད་རེས་ཚོགས་འདུའི་ཐོག་གྲོས་བསྡུར་གནང་རྗེས་མ་འོངས་པར་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཡག་པོ་ཞིག་ལ་འགྲོ་རྒྱུའི་ཆ་འཇོག་དང་གདེང་ཚོད་ཡོད་སྐོར། གཞན་ཡང་དེ་སྔོན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་ལྔ་པ་བཞུགས་སྒར་རྡ་སར་ཚོགས་པའི་རྗེས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། ད་ལན་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་སྐུ་ཚབ་བཏང་བ་དེས། ད་བར་ཚོགས་བཅར་བ་ཚོས་ལས་དོན་གང་བརྩམས་པ་ཡིན་ནའང་། བོད་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ནང་དྲང་བདེན་དང་། ནུས་པ་ལྡན་པ་ཞིག་གནང་གི་ཡོད་པར་ངོས་འཛིན་གནང་གི་ཡོད་སྐོར།

རྩ་བའི་༧གོང་ས་མཆོག་གི་དགོངས་གཞི་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཡིན་ཡང་། རང་བཙན་འཐབ་རྩོད་བྱས་པ་ཡིན་ན་དེའི་འགལ་ཟླར་འགྲོ་གི་མེད་པ་དང་། དེ་ཡང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཆ་རྐྱེན་ནང་། རྒྱ་ནག་དམར་པོའི་གཞུང་ནས་བོད་ནང་དྲག་པོའི་སྲིད་བྱུས་མཚམས་འཇོག་དགོས་པ་དང་། དེ་བཞིན་བོད་ནང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་གོ་སྐབས་སྤྲོད་དགོས་པ་གསལ་ཡོད། འོན་ཀྱང་རྒྱ་ནག་དམར་གཞུང་གིས་ད་བར་དྲག་པོའི་སྲིད་བྱུས་མཚམས་འཇོག་བྱས་མེད་པ་མ་ཟད། སྡུག་སྦྱོང་མནར་གཅོད་སྔར་ལྷག་གཏོང་གི་ཡོད་པར་བརྟེན་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་དང་། དེ་ནས་བོད་མི་གྲངས་ ༡༥༧ གྱིས་རང་ལུས་མེར་བསྲེགས་གནང་ཡོད་སྟབས། བཙན་བྱོལ་ནང་ཡོད་པ་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་དང་། རྩ་དོན་འཐབ་རྩོད་ཐོག་ལངས་ཕྱོགས་འདྲ་མིན་ཡོད་ཀྱང་། ཕན་ཚུན་གུས་བརྩི་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ནང་ལོ་རྒྱུས་འཁྱོག་བཤད་བྱས་དང་བྱེད་བཞིན་པ་དེར། རྒྱལ་སྤྱིའི་ནང་བདེན་དཔང་གནང་དགོས་སྐོར་སོགས་གདོང་ལེན་གང་ཐུབ་བྱེད་དགོས་པ། དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་བར་གྱི་འགྲོ་གྲོན་ཡང་རོགས་ཚོགས་སོགས་ལ་མ་བརྟེན་པར། ཚོགས་མི་སོ་སོའི་ངོས་ནས་མཐུན་འགྱུར་གང་ཐུབ་གནང་བ་དེས་བཙན་བྱོལ་སྤྱི་ཚོགས་ནང་རང་ཁ་རང་གསོའི་ཐོག་འཐབ་རྩོད་བྱེད་བཞིན་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་མུ་མཐུད་ནས་མཇུག་སྐྱོང་གནང་རོགས་ཞེས་གསུངས་གནང་འདུག་པ་བཅས། །