རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་བཅུ་སྤྱི་ལྷན་དུ་ཕེབས་པ།

 

 img_5465

ད་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ པའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དཔལ་ལྡན་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། སྤྱི་ཟུར་བསྟན་འཛིན་ཆོས་སྒྲོན་མཆོག གཞན་ཡང་ཚོགས་མི་བཅུ་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་དུ་ཕེབས་པའི་སྐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཁོང་རྣམ་པར་དམིགས་བསལ་འཚམས་འདྲི་ཞུས་ཡོད་ལ། ཁོང་རྣམ་པ་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གདན་ཞུས་ཀྱིས་སྤྱི་ལྷན་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། སྤྱིར་བོད་མིའི་འཐབ་རྩོད་ཀྱི་གནས་བབ། དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་ངོ་སྤྲོད་བཅས་ཞུས་ཡོད་པ་མ་ཟད། ལྷག་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ( ICT) ཡི་ལས་དོན་ལ་ཡི་རངས་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞེས་ཞུས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་དོན་སྐོར་སྤྱི་ཟུར་བསྟན་འཛིན་ཆོས་སྒྲོན་མཆོག་ནས་ངོ་སྤྲོད་གནང་། ཁོང་རྣམ་པར་སྤྱི་ལྷན་ནས་དྲན་རྟེན་ཕྱག་རྟགས་ཕུལ་ཞིང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་མ་འོངས་པར་མུ་མཐུད་དེ་སྤྱི་ལྷན་ལ་འབྲེལ་ལམ་གྱིས་ལས་དོན་ཐོག་མཐུན་འགྱུར་དང་། ལས་འགུལ་ཁང་ནས་བོད་དོན་རྒྱབ་སྐྱོར་གང་ཅི་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

Menu