
༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ཚེས་ ༣ ཉིན་རྒྱབ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་དུ་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་དང་ལྷན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། རྒྱ་གར་གཞུང་དང་། ཨ་རི། ཡུ་རོབ། ཉི་འོང་སོགས་རྒྱལ་ཁབ་མང་པོ་ཞིག་གིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་བཙན་བྱོལ་ནང་ད་བར་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་དང་བཅས་པ་མི་ཉམས་པར་གནས་ཐུབ་ཡོད་པ་མ་ཟད། བོད་དོན་འཐབ་རྩོད་ཐོག་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཤུགས་ཆེན་པོ་འཐོབ་བཞིན་ཡོད་པ། དེ་དང་འབྲེལ་བའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་སུ་བོད་དོན་ཞུ་སྐུལ་བསྟུད་མར་སྤེལ་བཞིན་པར་བསྔགས་བརྗོད་ཞུས་གནང་སོང་།
བོད་མིའི་མང་གཙོའི་འཕེལ་རིམ་དང་འབྲེལ་བའི་ཐོག ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་པ་དང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ། ཕྱི་ལོ་ ༢༠༠༡ ནས་བཟུང་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱེད་འགོ་བཙུགས་པ། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་བསྡུ་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་འགྲེལ་བརྗོད་སྙིང་བསྡུས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེའི་བཀའ་དྲིན་འོག ད་ཆ་བོད་མིའི་སྒྲིག་འཛུགས་དེ་བཞིན་མང་གཙོའི་ཆ་ལག་ཡོངས་སུ་ཚང་བའི་ཐོག་ལས་དོན་བྱེད་བཞིན་ཡོད་པའི་སྐོར་གསུངས་སོང་།

བཅའ་ཁྲིམས་ཀྱིས་འགན་དབང་བསྐུར་བ་གཞིར་བཟུང་། བོད་དོན་བདེན་མཐའ་གསལ་ཐབས་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱལ་སྤྱིའི་ནང་གྲོས་ཚོགས་འཐུས་མི་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་རིམ་པ་བསྐོང་ཚོགས་གནང་སྟེ། བོད་ནང་གི་གནས་སྟངས་གླེང་སློང་དང་། བོད་རྒྱའི་དཀའ་རྙོག་གསལ་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་པ་སོགས་གསུངས་སོང་།
བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ་དཔལ་ལྡན་ཚོགས་གཙོ་མཆོག་གིས་གསུངས་དོན། བོད་ནང་རྒྱ་ནག་དམར་གཞུང་འོག ཆོས་དད་དང་། སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་མེད་པ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྡོག་རོལ་སྔར་ལྷག་ཇེ་སྡུག་ཏུ་གཏོང་བཞིན་པའི་སྐོར་དང་སྦྲགས། བོད་ནང་གི་དངོས་ཡོད་གནས་ཚུལ་ཐོག་ཞིབ་འཇུག་དང་། གཏན་འཇགས་སློབ་གྲྭའི་གནས་ཚུལ་ལྟ་བུ་གནད་དོན་རེ་རེ་ཟུར་འདོན་གྱིས་སྙན་ཐོ་འདོན་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། དུས་རྒྱུན་རྒྱལ་སྤྱིའི་ནང་ལོ་ངོ་ ༢༥ དང་། ༥༠ འཁོར་བའི་དུས་དྲན་གཟབ་རྒྱས་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། ཉེ་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཆེད་མངགས་བོད་ལ་སླེབས་པ་དེས། རྒྱ་ནག་གཞུང་གིས་བོད་དོན་ལ་དམིགས་བསལ་གྱི་དོ་སྣང་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་སྐོར་སོགས་གསུངས་སོང་།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་རྒྱལ་སྤྱིའི་ནང་གླེང་སློང་དང་། བཙན་བྱོལ་ནང་གི་བོད་པའི་གཞོན་སྐྱེས་རྣམས་ལ་བོད་དོན་ཞུ་སྐུལ་གནང་རྒྱུའི་སྡིངས་ཆ་བསྐྲུན་བཞིན་པར་བསྔགས་བརྗོད་གནང་བ། བོད་མིའི་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་སྐབས་ཀྱི་ཚོར་བ་དང་འབྲེལ་ཏེ། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་གནང་བའི་མང་གཙོའི་རང་དབང་དང་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཡོད་པ་ནི་དགའ་ཚོར་སྐྱེ་འོས་པ་ཞིག་དང་། འོན་ཀྱང་བོད་ནང་རྒྱ་ནག་དམར་གཞུང་འོག་གཞིས་ལུས་བོད་མི་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། རང་དབང་བྲལ་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པ་ནི་ཧ་ཅང་གི་སེམས་སྐྱོ་དགོས་པའི་གནས་སྟངས་ཤིག་ཡིན་སྐོར་གསུངས།

རྒྱ་ནག་དམར་གཞུང་གིས་འཛུགས་བསྐྲུན་ཡར་རྒྱས་ལ་ཁ་གཡར་ཏེ། བོད་མི་ཚོར་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་བཞིན་ཡོད་སྐོར་དང་འབྲེལ། བོད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་དགོས་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་སྐོར། དེ་བཞིན་འདི་ལོའི་ཕྱི་ཟླ་ ༦ པར་ཉི་འོང་རྒྱལ་ས་ཊོཀ་ཡོར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་བཞག་པའི་གྲོས་ཆོད་དང་། ལག་བསྟར་འཆར་གཞིའི་སྐོར་ལ་མཇུག་སྐྱོང་གནང་རྒྱུ་སོགས་དང་འབྲེལ་བའི་སྐོར་ལ་གསུངས་གནང་ཡོད་པ་བཅས།


