རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་དང་ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༤ ཉིན་གྱི་སྔ་དྲོ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་ (Matteo Mecacci) ལགས་དང་། ཚོགས་པའི་འབྲེལ་མཐུད་འགན་འཛིན་སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས། ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་ལྕམ་སྐུ་ (Emily Manning,Office of Senator Corker) ལགས་དང་། སྐུ་ཞབས་ (Mr.Igor Khrestin,Office of Senator Gardner) ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩།༠༠ ཙམ་གྱི་ཐོག་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་རྣམ་གཉིས་ཀྱིས་སྣེ་ལེན་འཚམས་འདྲི་དང་སྦྲགས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་ཡོད་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་དང་། གྲོས་ཚོགས་སྐབས་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཕྱིན་པ་ཁག གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་འཇོག་པ་ཁག་བཅས་ཀྱི་ཐོག་ངོ་སྤྲོད་སྙིང་བསྡུས་དང་། ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ལྷག་པར་དུ་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་ (Reciprocal Access to Tibet Act) ཞེས་པ་དེ་གཏན་འབེབས་གནང་ཐུབ་པར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད། དེ་བཞིན་ཁྲིམས་འཆར་དེས་བོད་ནང་གི་གནས་སྟངས་ཤེས་རྒྱུའི་ཆེད་ཕན་ཐོགས་ཆེན་པོ་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་སོང་བ་དང་།

ཕྱོགས་མཚུངས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གསུང་དོན། འདས་པའི་ལོ་གཉིས་ལྷག་གི་ནང་འཛམ་གླིང་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་བཞུགས་སྒར་རྡ་སར་ཕེབས་སྐབས། སྣེ་ལེན་དང་མཇལ་འཕྲད་གནང་རྒྱུའི་གོ་སྐབས་བྱུང་བ་དང་། དེ་བརྒྱུད་ནས་བོད་དོན་ཐོག་མཁྱེན་རྟོགས་གང་ཐུབ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད། དེ་རིང་རྣམ་པ་ཚོ་བཞུགས་སྒར་དུ་ཕེབས་པར་དམིགས་བསལ་གྱི་འཚམས་འདྲི་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་འཐུས་མིའི་ཕྱག་རོགས་ལས་བྱེད་རྣམས་ནས་གྲོས་ཚོགས་འཐུས་མི་རྣམས་ལ་སྐབས་དུས་སོ་སོའི་བོད་ཀྱི་གནད་དོན་ཞུ་རྒྱུར་ཕན་རླབས་ཆེན་པོ་ཡོད་པ་མ་ཟད། ཨ་རིའི་སྲིད་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་ཆེད་ཕན་རླབས་ཆེན་པོ་ཡོད་པ་ཞིག་ཡིན།

འདས་པའི་ལོ་ངོ་ ༥༩ ལྷག་གི་ནང་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་གླེང་སློང་དང་། གྲོས་ཆོད་བཞག་གནང་ཐུབ་ཡོད་པ་དང་། དེ་བཞིན་ད་ལྟ་ཨ་རིའི་སྲིད་གཞུང་ནས་མུ་མཐུད་དམིགས་བསལ་གྱི་འགན་འཁུར་བླངས་ཏེ་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཆབ་སྲིད་མི་སྣའི་ཚོགས་འདུ་བསྐོང་ཚོགས་གནང་ཐབས་དང་། ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ནང་ལའང་བོད་རྒྱའི་གནད་དོན་བསྣམ་ཐུབ་ཐབས་ཡོང་རྒྱུར་ཁྱེད་རྣམས་ནས་འབད་བརྩོན་གནང་ཐབས་དང་། ལྷག་པར་དུ་ཕྱི་ལོ་ ༡༩༥༩ དང་། ༡༩༦༠ ། ༡༩༩༩༧ བཅས་ལ་རྒྱལ་སྤྱིའི་ཁྲིམས་རྩོད་ལྷན་ཚོགས་ (International Commission of Jurists (ICJ)) ཀྱིས་བོད་ནང་གི་གནས་སྟངས་སྐོར་ལ་སྙན་ཐོ་གསུམ་བཏོན་གནང་ཡོད་པ་དང་། དེ་བཞིན་ད་ཆ་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་སླར་ཡང་སྙན་ཐོ་ཞིག་འབྲེལ་ཡོད་ལས་ཁུངས་ནས་འདོན་ཐབས་ཡོང་བར། ཨ་རིའི་སྲིད་གཞུང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ནས་དམིགས་བསལ་འགན་འཁུར་གནང་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། སླར་ཡང་ཁྱེད་རྣམ་པ་ཚོས་མུ་མཐུད་བོད་ཀྱི་གནད་དོན་སྐོར་ཨ་རིའི་སྲིད་གཞུང་ལ་ཞུ་སྐུལ་དང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་ཡོང་རྒྱུར་འབད་བརྩོན་གནང་རྒྱུའི་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་གནང་གྲུབ་མཚམས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་དུ་ཕེབས་པ་བཅས། །

Menu