རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་བཅུ་གཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༩ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བོད་མིའི་ནུས་སྟོབས་འཕེལ་རྒྱས་དང་བོད་རྒྱའི་འབྲེལ་ལམ་ལས་འཆར་གྱི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་། ཚོགས་པའི་ (Director of Development) ལྕམ་སྐུ་ (Cynthia Hurst ) ལགས་ཀྱིས་གཙོས་ཚོགས་མི་ཁྱོན་ ༡༡ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་གནང་ཡོད།

  དེ་ཡང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་སྣེ་ལེན་དང་སྦྲགས། སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། ལོ་གཅིག་ནང་གྲོས་ཚོགས་ཐེངས་གཉིས་ཚོགས་ཀྱི་ཡོད་པ་སོགས་ངོ་སྤྲོད་གནང་བ་དང་། དེ་ནས་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་བོད་ཀྱི་ཁོར་ཡུག་ཉམས་ཆགས་འགྲོ་བཞིན་པའི་སྐོར། རྒྱ་ནག་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བཏོན་གནང་བའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་འཁོད་པའི་བོད་ནང་ཆོས་དད་ཀྱི་རང་དབང་མེད་པའི་སྐོར་དང་། བོད་ནང་གི་ནང་ཆོས་སློབ་གཉེར་གནང་སའི་བསྟི་གནས་དགོན་སྡེ་ཁག་གཏོར་བཤིག་གཏོང་མུས་ཡིན་པའི་སྐོར། དེ་བཞིན་ཚོགས་མི་རྣམ་པས་བོད་ནང་གི་གནས་སྟངས་དང་། ཨུ་རུ་སུའི་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཇི་ཙམ་ཡོད་མེད། ཉེ་ཆར་མཇུག་སྒྲིལ་བའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐོར་སོགས་ཀྱི་དྲི་བ་གནང་བར་དཔལ་ལྡན་ཚོགས་གཙོ་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད།

དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་དུ་ཕེབས་པ་བཅས་ཀྱི་གནས་ཚུལ་དུ། །

Menu