རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འཛིན་སྐྱོང་འགན་འཛིན་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༡༥ ཐོག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འཛིན་སྐྱོང་འགན་འཛིན་ལྕམ་སྐུ་ཨེ་ལི་སན་མཆོག་དང་། ཕྱག་རོགས་ལས་བྱེད་གཉིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོད་པ་དང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཉིན་གྲངས་བཞིའི་རིང་ལཊ་ཝི་ཡའི་རྒྱལ་ས་རི་གར་ཚོགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་སྐོར་ངོ་སྤྲོད་སྙིང་བསྡུས་དང་། ཚོགས་འཆར་དེའི་དམིགས་ཡུལ་སྐོར། དེ་བཞིན་ཚོགས་འདུའི་ཐོག་བཞག་པའི་རི་ག་སྤྱི་བསྒྲགས་ (Riga Declaration) དང་། རི་ག་ལག་བསྟར་འཆར་གཞི་ (Riga Action Plan) བཅས་ཀྱི་ཐོག་གསུངས་གནང་བ་དང་། ལྕམ་སྐུ་མཆོག་གིས་ཁོང་ཉིད་ལས་བྲེལ་དབང་གིས་ཚོགས་ཆེན་ཐོག་བཅར་མ་ཐུབ་པར་དགོངས་སེལ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཚོགས་ཆེན་དང་འབྲེལ་བའི་འབྱུང་འགྱུར་གང་བྱེད་དགོས་པའི་ལམ་སྟོན་ཡོང་བ་ཞུས་གནང་བར། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་ཆེན་ཐོག་བཞག་པའི་རི་ག་ལག་བསྟར་འཆར་གཞི་ (Riga Action Plan) ལག་ལེན་ཡོང་ཐབས་སུ་མཐུན་འགྱུར་གནང་སྐྱོང་ཡོང་བ་ཞུས་གནང་སོང་།

དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ལྕམ་སྐུ་མཆོག་དང་། ཁོང་གི་ཕྱག་རོགས་རྣམ་གཉིས་ལ་མཇལ་དར་དང་། ཚོགས་ཆེན་དང་འབྲེལ་བའི་ཕྱག་དེབ་དང་ཡིག་ཆ་ཁག་ཅིག་ཕུལ་གནང་སོང་བ་བཅས། །

Menu