རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་བ། 

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ལཊ་ཝི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པ་ (International Network of Parliamentarians on Tibet (INPaT)) བཅས་ཀྱི་གོ་སྒྲིག་འོག་ལཊ་ཝི་ཡའི་རྒྱལ་ས་རི་གར་ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ནས་ ༡༠ བར་ཉིན་བཞིའི་རིང་གི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་ཡོད་འདུག

དེ་ཡང་ཚོགས་ཆེན་འདིའི་ཐོག་ཨོ་སི་ཀྲོ་ལི་ཡ་དང་། ནིའུ་ཛི་ལེན་ཌི། ཕ་རན་སི། རོ་མ་ནི་ཡ། ཁེ་ན་ཌ། ཅེག་སྤྱི་མཐུན་རྒྱལ་ཁབ། ལི་ཐུ་ཝེ་ནི་ཡ། རྒྱ་གར། བལ་ཡུལ། ཅི་ལེ། ལཊ་ཝི་ཡ། ཨིན་ཡུལ། སི་ཀོ་ཊི་ལེན་ཌི་བཅས་ཀྱི་གྲོས་ཚོགས་འཐུས་མི་ཁྱོན་ ༢༥ དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་སྤྱི་འཐུས་ཁག་ཅིག བྱང་ཨ་རི་དང་། སྦེར་སིལ། ཨོ་སི་ཀྲོ་ལི་ཡ། ཨིན་ཡུལ། སུད་སི། ཕ་རན་སི་བཅས་ཀྱི་སྐུ་ཚབ་དོན་གཅོད། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན། རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་གི་ཨེ་ཤི་ཡའི་ལས་འཆར་འགན་འཛིན། རང་དབང་ཁང་པའི་ཚོགས་གཙོ། འཇར་མ་ནིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འཛིན་སྐྱོང་འགན་འཛིན། ཝ་ཤིན་ཊོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞུ་གཏུག་དང་འབྲེལ་ལམ་ལས་འཆར་འགན་འཛིན། ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཀྱི་སྲིད་བྱུས་ཚན་པའི་འགན་འཛིན། (Kreddha) ཞེས་པའི་ཚོགས་པའི་ཚོགས་གཙོ། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སློབ་དཔོན་ཆེན་མོ་སོགས་ཁྱོན་མི་གྲངས་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད་འདུག

ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༧ ཉིན་ལཊ་ཝི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་ལཊ་ཝི་ཡའི་རྒྱལ་ས་རི་གའི་གསོལ་མགྲོན་ཁང་ (Hotel Bellevue) ནང་ཚོགས་བཅར་བ་རྣམས་ལ་དགོང་དྲོའི་གསོལ་སྟོན་ཞིག་བཤམས་གནང་འདུག་པ་དང་། སྐབས་དེར་ལཊ་ཝི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ (Uldis Budrikis, Vice Chairman of Latvian Parliamentary support group for Tibet) མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་རྗེས། ལཊ་ཝི་ཡའི་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་འདུག

ཕྱི་ཚེས་ ༨ ཉིན་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ལཊ་ཝི་ཡ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ (Uldis Budrikis, Vice Chairman of Latvian Parliamentary support group for Tibet) མཆོག་གིས་འཚམས་འདྲིའི་གསུང་བཤད་དང་། རིམ་པས་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་གིས་བརྙན་ལམ་བརྒྱུད་གནང་བའི་གསུང་བཤད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གི་གསུང་བཤད་སྙན་སྒྲོན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་ལམ་བརྒྱུད་གནང་བའི་གསུང་འཕྲིན་གཟིགས་འབུལ། སྐུ་མགྲོན་གཙོ་བོ་སྐུ་ཞབས་ (Hon. Andris Buikis) མཆོག་གིས་གསུང་བཤད། ལཊ་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་སྐུ་ཞབས་ (Mr. Janis Martin Skuja, Chief of Society “Latvian for Tibet”) མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དབུ་འབྱེད་མཛད་སྒོ་གྲོལ་གནང་བ་དང་།

དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་དུས་ཚོད་ལ་བོད་མི་མང་གིས་གདོང་ལེན་བྱེད་དགོས་པ་དེ་གང་འདྲ་ཞིག་ཡོད་རེད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་། བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གནས་བབ་ཅེས་པའི་དེབ་འབྲི་མཁན་སློབ་དཔོན་སྐུ་ཞབས་ (Prof. Michael Van Walt Praag) མཆོག་གིས་བོད་ཀྱི་འཐབ་རྩོད་ཀྱི་གནས་བབ་དེ་གང་འདྲ་ཞིག་ཡོད་པའི་ཐོག་གསུང་བཤད། ཐེ་ཝན་རྒྱལ་ཁབ་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ (Dr. Munin Chen, Vice President for International Affair, National Chung Hsing University and Professor at Graduate Institute of International Policies, Taichung, Taiwan) མཆོག་གིས་རྒྱ་ནག་རྒྱལ་རབས་དང་། བོད་ཀྱི་རྒྱལ་རབས། ད་ལྟའི་གཞུང་གིས་སྲིད་བྱུས་འཛིན་སྟངས་ཐོག་གསུང་བཤད། དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་མཐོ་སྒང་བོད་དང་། ད་ལྟའི་ཁོར་ཡུག་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད། ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་ཀོན་ཌ་པ་ལི་ (Prof. Srikanth Kondapalli, Chairman and professor in Chinese Studies Centre for East Asian Studies, JNU) མཆོག་གིས་སྤྱིར་ཨེ་ཤི་ཡ་དང་། ལྷག་པར་རྒྱ་གར་གྱིས་བོད་དོན་ཐོག་ལ་ལྟ་སྟངས་གང་འདྲ་ཡོད་མེད་ཀྱི་ཐོག་གསུང་བཤད། མཐར་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Hon. Michael Danby, Member of Australian Parliament) མཆོག་གིས་གཙོ་སྐྱོང་གནང་བའི་ཐོག་ནས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་ལ་གནང་སྒོ་གང་ཡོད་པའི་ཐོག་དགོངས་ཚུལ་སོགས་གསུངས་གནང་འདུག

ད་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ ཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་གནང་ཡོད་པ་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ཝེ་ནི་ཡའི་གྲོང་ཁྱེར་ཝིལ་ནི་ཡ་ས་དང་། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སི་ཀོ་ཊི་ལེན་ཌིའི་རྒྱལ་ས་ཨི་ཌིན་བྷར། ལྔ་པ་ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལི་རྒྱལ་ས་རོམ། དྲུག་པ་ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་བཅས་ལ་ཚོགས་གནང་ཡོད་པ་བཅས། །

 

 

 

Menu