རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་འཚམས་འདྲིའི་གསུང་བཤད།

༄༅། །བཀྲ་ཤིས་བདེ་ལེགས། ཚང་མར་སྔ་དྲོ་བདེ་ལེགས་ཞུ། འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པ་ཚོགས་ཆེན་འདིའི་ཐོག་ཕེབས་བསུ་ཞུ་རྒྱུ་བྱུང་བར་ངོས་རང་དགའ་ཚོར་ཆེན་པོ་བྱུང་བ་དང་། ཆབས་ཅིག་འདུ་འཛོམས་འདིའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་བྱ་རྒྱུ་བྱུང་བར་དེ་བས་དགའ་སྤོབས་ཆེན་པོ་བྱུང་། ཁྱེད་རྣམ་པ་མཛད་བྲེལ་ཆེན་པོ་ཡོད་ཀྱང་ཆེད་མངགས་དུས་ཚོད་བཏོན་ཏེ་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

འཛམ་གླིང་སྤྱིའི་ནང་དྲག་སྤྱོད་ཚབས་ཆེ་རུ་འགྲོ་བཞིན་པ་དང་། ལྷག་པར་དུ་བོད་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་བཙན་གནོན་དང་། གདུག་རྩུབ་ཇེ་ཆེར་འགྲོ་བཞིན་པའི་སྐབས་དེར་འདི་འདྲ་བའི་ཚོགས་ཆེན་ཞིག་འཚོག་རྒྱུ་དང་། བསམ་ཕྱོགས་མཐུན་པའི་གནད་ཡོད་མི་སྣ་རྣམས་སྡིངས་ཆ་གཅིག་གི་ཐོག་འདུ་བསྐོང་གནང་རྒྱུ་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ད་བར་རྒྱལ་ཁབ་ཁག་འདྲ་མིན་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་བསྐོང་ཚོགས་གནང་ཡོད་ཅིང་། དེ་ཡང་གཙོ་བོ་རྒྱལ་ཁབ་དེ་དག་ནང་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་མཉབ་རུབ་ཀྱིས་ནུས་པ་སྤུངས་པར་བརྟེན་ནས་ཚོགས་ཆེན་དེ་རྣམས་བསྐོང་ཚོགས་ཐུབ་པ་བྱུང་བ་ཞིག་རེད། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གསུམ་པ་དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་ཇ་མིན་གྷིལ་མེན་(Benjamin Gilman) དམ་པ་མཆོག་དང་། ད་ལྟའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་(Nancy Pelosi) མཆོག་ཚུད་པའི་སྐུ་ཞབས་ཁོང་གིས་སྣེ་ཁྲིད་པའི་ཚོགས་ཆུང་ནས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་ནས་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་བསྐོང་ཚོགས་གནང་ཐུབ་ཡོད་པ་དང་། དེ་བཞིན་ད་རེས་ཀྱི་ཚོགས་ཆེན་དེ་ཡང་གཙོ་བོ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་གིས་གཙོས་བོད་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་ཨ་རིའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་རྒྱབ་སྐྱོར་གནང་བར་བརྟེན་ནས་བསྐོང་ཚོགས་གནང་ཐུབ་པ་བྱུང་ཡོད། ཁོང་རྣམ་པའི་རྒྱབ་སྐྱོར་མེད་ཚེ་དུས་ཚོད་ཐུང་ཐུང་འདི་འདྲ་ཞིག་གི་ནང་ཚོགས་ཆེན་འདི་འདྲ་བ་ཞིག་གོ་སྒྲིག་ཞུ་རྒྱུ་ཧ་ལམ་བྲལ་བ་ཞིག་རེད།

ད་བར་རྒྱ་དམར་གཞུང་གིས་བོད་ལ་ཞི་བའི་བཅིངས་གྲོལ་དང་།ཡར་རྒྱས་བཏང་ཡོད་ཚུལ་གྱི་དྲིལ་བསྒྲགས་རྫུན་མ་སྤེལ་བཞིན་ཡོད་ཀྱང་དོན་དངོས་སུ་བོད་ནང་གི་གནས་སྟངས་ནི་ཧ་ཅང་གི་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཆགས་ཡོད།མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྒྱ་དམར་གཞུང་གིས་རྩིས་མེད་རྡོག་རོལ་བཏང་སྟེ། བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་རང་དབང་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོག་ཅིང་། རྒྱ་དམར་གཞུང་གི་བཀའ་རྒྱ་གང་ཡིན་ཡང་དེར་ངོས་ལེན་མ་བྱས་ཚེ་བོད་མི་རྣམས་བཙོན་འཇུག་སོགས་གདུག་སྦྱོང་མནར་གཅོད་མྱོང་དགོས་པ་ཆགས་ཀྱི་ཡོད། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་། མཛེས་སྡུག་ལྡན་པའི་ཡུལ་གྱི་བཀོད་པ་སོགས་ལ་བརྟེན་ནས་རྒྱ་ནག་དབང་འཛིན་པ་ཚོས་བོད་འདི་བཞིན་ཡུལ་སྐོར་སྤྲོ་འཆམ་ཕེབས་ཡུལ་ཁོངས་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་ནང་ཆོས་དད་རང་དབང་མེད་པར་མ་ཟད། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་དམ་བསྒྲགས་ཇི་ཆེར་བཏང་དང་གཏོང་བཞིན་ཡོད།  གཞི་རྩའི་རྒྱ་དམར་གཞུང་གི་འགོ་ཁྲིད་ཚོ་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ལ་དགག་པ་རྒྱག་མཁན་ཞིག་དང་། རྩ་བ་ནས་ཡིད་ཆེས་བྱེད་མཁན་ཞིག་མིན་པ་གསལ་པོ་ཡིན་ཡང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐོག་ཐེ་བྱུས་བྱ་རྒྱུའི་ངན་བྱུས་བཏོན་དང་འདོན་བཞིན་ཡོད། རྩ་བའི་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་ཡོད་ཀྱང་། བོད་མིའི་བསམ་བློ་དབང་བསྒྱུར་བྱེད་ཐུབ་མེད་སྟབས། ཆབ་སྲིད་ཀྱི་ཁེ་ཕན་ཆེད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཐོག་ལ་ངན་བྱུས་བཤམས་ཏེ་བོད་མི་མང་གི་བསམ་བློའི་ཐོག་ལའང་དབང་བསྒྱུར་ཐབས་ཀྱི་རྨི་ལམ་བཏང་དང་གཏོང་བཞིན་ཡོད་པར། ང་ཚོས་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ནས་ཀྱང་དེ་ལྟར་ངོ་རྒོལ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་བོད་མི་རྣམས་སོ་སོའི་ལུང་པའི་ནང་རང་མི་རིགས་ཀྱི་ངོ་བོ་དང་། བོད་མིའི་ནང་ཆོས་དང་འབྲེལ་བའི་རིག་གཞུང་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་རྒྱུའི་གོ་སྐབས་མེད་པ་ཆགས་འགྲོ་ཡི་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཤེས་རྟོགས་ར་འཕྲོད་བྱུང་བའི་བོད་མི་རྒན་གཞོན་སྐྱ་སེར་དབྱེར་མེད་གྲངས་ ༡༥༧ གྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་ཅིང་། དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་བྱུང་རབས་ནང་ཆབ་སྲིད་ཀྱི་ཞི་རྒོལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ཀྱང་། རྒྱ་དམར་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ཚོའི་མངོན་འདོད་བསྒྲུབ་ཐབས་མ་བྱས་པར། དེ་ལས་ལྡོག་སྟེ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་བཞིན་སྔར་ལྷག་ཤུགས་ཆེར་གཏོང་བཞིན་ཡོད། མདོ་དོན། བོད་ནང་ཡོད་པའི་བོད་མི་རྣམས་མུ་མཐུད་རྒྱ་ནག་དམར་གཞུང་འོག་ཆབ་སྲིད་ཀྱི་དྲག་གནོན་དང་། སྤྱི་ཚོགས་ནས་ཕྱིར་འབུད། དཔལ་འབྱོར་དང་ཤེས་ཡོན་སོགས་ཀྱི་གོ་སྐབས་དབྱེ་འབྱེད། བོད་མི་གནས་ཡུལ་ཁོར་ཡུག་གཏོར་སྐྱོན་ཚད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད།

བཙན་བྱོལ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོ་གསོལ་སྩལ་གནང་སྟེ།ད་ཆ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམས་མང་ཚོགས་ནས་འོས་འདེམས་བྱེད་བཞིན་ཡོད་པ་དང་།ཁྲིམས་སྒྲིག་ཁག་གཞིར་བཟུང་བོད་མིའི་སྒྲིག་འཛུགས་ནས་མི་མང་ལ་ཕྱི་གསལ་ནང་གསལ་དང་། འགན་ཁུར་བའི་ཐོག་འཛིན་སྐྱོང་གནང་བཞིན་ཡོད། རྩ་བའི་བོད་ལ་ལོ་ངོ་སྟོང་ཕྲག་ལྷག་གི་རིང་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཡོད་ཀྱང་། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐོག་ཐབས་ཤེས་ཡོད་རྒུས་འབད་བརྩོན་གནང་བཞིན་ཡོད་པ་དང་། དེ་ནི་བོད་རྒྱ་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན།རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་རྒྱ་ནག་ནང་ཞི་བདེ་བརྟན་ལྷིང་ཡོང་རྒྱུའི་ཐོག་ལྷག་བསམ་རྣམ་དག་ཡིན་ཚེ། ལོ་རྒྱུས་ཀྱིས་འཁྲི་བའི་འགན་ཁུར་དགོས་པ་དང་། ཆབ་སྲིད་ཀྱི་བློ་གྲོས་བཏོན་པའི་ཐོག་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། རྒྱལ་ཁབ་མང་པོ་ཞིག་གི་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་དཀའ་ལས་བརྒྱབ་དང་རྒྱག་བཞིན་ཡོད་ཅིང་། ལྷག་པར་དུ་རྒྱ་གར་ནི་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཀྱི་ཡོད་པས་རྒྱ་གར་གཞུང་མང་གཉིས་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། དེ་བཞིན་ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་ཅིང་།ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར། བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་བཅས་གཏན་འབེབས་དང་། ཉེ་ཆར་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བ་སོགས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། དེས་ང་ཚོས་ཡིད་ཆེས་བྱ་སའི་མང་གཙོའི་རིན་ཐང་ཐོག་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་པ་མ་ཟད། བོད་ནང་གདུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ལ་སེམས་ཤུགས་ཀྱི་རྒྱབ་སྐྱོར་དང་། བོད་དོན་འཐབ་རྩོད་ལ་རེ་བའི་སེམས་ཤུགས་སྤར་ཡོད།  ང་ཚོར་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་བྱུང་བ་དེས། ང་ཚོ་དང་འདྲ་བའི་རྒྱལ་ཁབ་གཞན་ལའང་སོ་སོའི་རྩ་དོན་བསྒྲུབ་རྒྱུའི་ཐོག་སེམས་ཤུགས་སྤར་ངེས་ཡིན་པར་སོང་། ང་ཚོའི་འཐབ་རྩོད་ཐོག་ནུས་པ་ཆེན་པོ་ཡོང་རྒྱུར་རྒྱལ་ཁབ་ཕན་ཚུན་དབར་སོ་སོའི་ཉམས་མྱོང་གོ་རྟོགས་སྤེལ་རེས་གནང་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ཨ་རིའི་གཞུང་གིས་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བ་ལྟར། རྒྱལ་ཁབ་གཞན་ནས་ཀྱང་དེ་ལྟར་བོད་དོན་ཁྲིམས་འཆར་གཏན་འབེབས་གནང་སྟེ་གདུག་སྦྱོང་མནར་གཅོད་འོག་མྱོང་བཞིན་པའི་མི་མང་རྣམས་སྐྱོབ་ཐབས་དང་། རྒྱ་ནག་དམར་གཞུང་གི་མི་གཅིག་དབང་བསྒྱུར་གྱི་བཀའ་བཀོད་འོག་མ་ཚུད་པའི་འབོད་སྐུལ་ད་རེས་ཀྱི་ཚོགས་ཆེན་འདི་བརྒྱུད་ནས་ཞུ་རྒྱུ་ཡིན།

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་བྱུང་བ་དེས།འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ཚང་མ་གཅིག་ལ་གཅིག་རྟེན་ཡིན་པ་དེ་བས་འཛམ་གླིང་ནང་གསལ་པོ་བསྟན་ཡོད། རྒྱ་དམར་གཞུང་གིས་འགོ་ཁྲིད་ཚོས་སོ་སོའི་མཚན་གནས་སྲུང་སྐྱོབ་ཆེད་ཏོག་དབྱིབས་གཉན་རིམས་ ༡༩ ཡི་གནས་ཚུལ་ཁག་རྒྱལ་སྤྱིའི་ནང་དུས་ཐོག་ཕྱིར་བསྒྲགས་མ་བྱས་པའི་རྐྱེན་གྱིས་འཛམ་གླིང་ནང་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། ད་ལྟ་ང་ཚོ་འདིར་ཚོགས་འདུ་འཚོགས་བཞིན་པའི་སྐབས་སུའང་། ཞི་ཅིང་པིན་གྱི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་ཟེར་བའི་སྲིད་བྱུས་འོག་རྒྱ་རིགས་ས་ཡ་མང་པོར་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན། ངས་དཀའ་ངལ་མྱོང་བཞིན་པའི་མི་མང་རྣམས་ལ་སེམས་གསོ་ཞུ་རྒྱུ་དང་། དེ་ལྟར་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་བའི་འགན་ཡོངས་རྫོགས་རྒྱ་ནག་དམར་གཞུང་གི་འགོ་ཁྲིད་ཚོས་ཁྱེར་དགོས་པ་ངེས་པར་དུ་བཟོ་དགོས། དེ་བཞིན་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ང་རང་སྒེར་ངོས་ནས་བཙན་འཛུལ་འོག་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་ཡུཀ་རན་མི་མང་རྣམས་ལའང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། དེ་མ་ཞུས་ན་ངའི་དེ་རིང་གི་གཏམ་བཤད་དེ་བཞིན་ཆ་མ་ཚང་བ་འདྲ་ཞིག་འདུག  བོད་ལའང་དེ་ལྟར་དཀའ་ངལ་མྱངས་ཡོད་དུས། ཁོང་རྣམ་པའི་གནས་སྟངས་ལ་ང་ཚོས་ཤེས་ཚོར་ཐུབ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕན་ཚུན་གྲོས་མོལ་བརྒྱུད་དཀའ་ངལ་སེལ་ཐབས་གནང་དགོས་པའི་བཀའ་སློབ་རིམ་པ་གནང་ཡོད་པ་དང་།ང་ཚོ་བོད་མི་ཚོ་ཡང་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་ཤུགས་ཆེ་བྱེད་མཁན་ཞིག་ཡིན། ང་ཚོའི་རེ་བར་དམག་འཁྲུག་དེ་བཞིན་གང་མགྱོགས་མཚམས་འཇོག་གནང་སྟེ། ཞི་བདེ་དང་། འཆམ་མཐུན་ལྡན་པའི་འཛམ་གླིང་ཞིག་ཡོང་རྒྱུར་སྨོན་ལམ་འདེབས་བཞིན་ཡོད།

མཐའ་དོན། ད་རེས་ཀྱི་ཚོགས་ཆེན་འདི་བརྒྱུད་ནས་ཁྱེད་རྣམ་པས་སོ་སོའི་རྒྱལ་ཁབ་ནང་བོད་ཀྱི་གནད་དོན་གླེང་སློང་དང་། བོད་དོན་ཐོག་རྒྱབ་སྐྱོར་གནང་སྟེ། བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྣམ་པའི་རེ་འདུན་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཕྱིར་རང་ཡུལ་བོད་ལ་ཕེབས་ཐུབ་ཐབས་ཡོང་བར་འབད་བརྩོན་གནང་སྐྱོང་ཡོང་བའི་རེ་བ་ཞུ་ཡི་ཡོད། ཐུགས་རྗེ་ཆེ། །

 

Menu