༄༅། །རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཚོགས་གཏན་ཁེལ་ཡོད། དེ་ཡང་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་དང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་མི་འདྲ་བ་ ༢༦ ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་དངོས་སུ་ཆེད་ཕེབས་དང་། དྲ་ཐོག་བརྒྱུད་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།
ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་ཞུས་པའི་ཚོགས་ཆེན་དེ་བཞིན་སྔོན་མ་ཚོགས་ཟིན་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་གྱི་རྒྱུན་མཐུད་ཀྱི་ཚོགས་ཆེན་ཞིག་ཆགས་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་དོན་བདེན་མཐའ་གསལ་རྒྱུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱབ་སྐྱོར་སྔར་ལྷག་ཤུགས་ཆེ་རུ་གཏོང་ཐབས་གནང་རྒྱུ་ཡིན།
སྤྱིར་རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། བོད་མིའི་ངོ་བོ་སྲུང་སྐྱོབ་ཡོང་ཐབས་སུ་རྒྱ་གར་གཞུང་མང་གཉིས་ནས་ཧ་ཅང་གི་ཕན་ཐོགས་དང་ནུས་པ་བཏོན་ཡོད་སྟབས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། དེ་ནས་རིམ་པས་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནུས་དང་། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། ཕྱི་ལོ་ ༢༠༠༥ ལོར་སོ་ཀོཊ་ལེཎཊ་རྒྱལ་ས་ཨིཌན་སྦ་ར། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ། ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌ་རྒྱལ་ས་ཨོ་ཊ་ཝ། ཕྱི་ལོ་ ༢༠༡༩ ལོར་ལཊི་ཝི་ཡའི་རྒྱལ་ས་རི་ག་བཅས་ལ་ཚོགས་གནང་ཡོད།
རྒྱ་ནག་དམར་གཞུང་གིས་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་བོད་ནང་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་ཀྱང་། བོད་མི་ཚོས་རང་མི་རིགས་ཀྱི་ངོ་བོ་དང་། ཆོས། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་ཐོག་ཆོད་སེམས་བརྟན་པོས་འབད་བརྩོན་རིམ་པ་གནང་ཡོད་པ་མ་ཟད། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་ནང་རང་དབང་མེད་པའི་དངོས་ཡོད་གནས་ཚུལ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་རྒྱལ་སྤྱིའི་ནང་ཞུ་སྐུལ་རིམ་པ་བྱས་དང་བྱེད་མུས་ཡིན།
མང་གཙོའི་གཞི་རིམ་གྱི་ལྟ་གྲུབ་ལ་གུས་བརྩི་དང་། ཐོབ་ཐང་འདྲ་མཉམ་ལྡན་པའི་རྒྱལ་ཁབ་ཨ་རིའི་ནང་ད་རེས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སྟེ། ཨ་རིའི་གྲོས་ཚོགས་ནས་ད་བར་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་དང་། སྲིད་བྱུས་གཏན་འབེབས་གནང་བ་སོགས་བོད་དོན་ཐོག་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་མང་གཙོའི་ལྟ་གྲུབ་དང་། དེའི་རིན་ཐང་གལ་ཆེར་བརྩིས་ནས་དེའི་ཐོག་ཤར་བསྐྱོད་གནང་བཞིན་ཡོད་པར་དོ་སྣང་གནང་རྒྱུའི་འབོད་སྐུལ་ཞུ་ཡི་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕུགས་རྒྱང་རིང་པོར་དགོངས་པར་བཞེས་ནས་རིམ་པས་བཀའ་སློབ་ལམ་སྟོན་གནང་འབྲས་སུ། ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་མང་གཙོའི་ལམ་ལུགས་ཐོག་ནས་འོས་འདེམས་གནང་སྟེ་ཆབ་སྲིད་དང་། འཛིན་སྐྱོང་གི་ཐུགས་འགན་ཡོངས་རྫོགས་བཞེས་ཀྱི་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བརྒྱུད་མང་ཚོགས་ལ་འགན་ཁུར་ལན་འདེབས་ཀྱང་གནང་བཞིན་ཡོད།
ད་རེས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ནང་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་དང་། མཁས་དབང་། ལས་འགུལ་བ་བཅས་ཀྱིས་བོད་ཀྱི་གནད་དོན་འདྲ་མིན་ཐོག་བགྲོ་གླེང་ལྷན་ཚོགས་བསྐྱང་གི་ཡོད་པ་དང་། ལྷག་པར་དུ་སྐབས་འདིའི་ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་ (Nancy Pelosi) མཆོག་གིས་གསུང་བཤད་གནང་རྒྱུ་བཅས་གཏན་ཁེལ་ཡོད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་དགོས་པའི་དགོས་དམིགས་གཙོ་བོ་ནི།
༡༽ བོད་མིའི་ངོ་བོ་དང་། འཛམ་གླིང་ནང་ཞི་བདེ་གོང་སྤེལ་ཡོང་རྒྱུར་དམིགས་བསལ་གྱི་ནུས་པ་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་ཡོང་སླད་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་རྣམ་པས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གཙོ་བོ་སྣེ་ཁྲིད་ཀྱི་འགན་ཁུར་བཞེས་ཐབས་གནང་རྒྱུ།
༢༽ ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་བཅས་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་ལ་གྲོས་ཚོགས་འཐུས་མི་རྣམ་པས་དམིགས་བསལ་ཐུགས་སྣང་གནང་སྟེ་རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་ལྷན་གླེང་སློང་གནང་རྒྱུ།
༣༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་དབར་གང་མགྱོགས་གྲོས་མོལ་བསྐྱར་གསོ་ཡོང་རྒྱུར་གྲོས་ཚོགས་འཐུས་མི་རྣམ་པས་སོ་སོའི་རྒྱལ་ཁབ་ནང་ལས་འཆར་གང་ལེགས་སྤེལ་གནང་དགོས་རྒྱུ་བཅས་ཆགས་ཡོད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་གོ་སྒྲིག་ཚོགས་ཆུང་ནས། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༠ ལ།
འབྲེལ་བ་བྱ་ཡུལ།
སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས། ཞལ་པར་ཨང་གྲངས། +༡༧༦༣-༣༡༦-༨༨༨༡
སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས། ཞལ་པར་ཨང་གྲངས། +༡༤༡༣-༦༨༧-༣༤༧༧