རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་ཚོགས་གཏན་འཁེལ་བ།

 ༄༅།   །རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དྲུག་པ་དེ་བཞིན་རིང་མིན་ཟླ་བ་འདིའི་ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཚོགས་གཏན་འཁེལ་ཡོད་པ་རེད།

ད་རེས་ཀྱི་ཚོགས་ཆེན་འདིའི་ནང་རྒྱལ་ཁབ་གྲངས་ ༣༠ ཙམ་ནས་གྲོས་ཚོགས་འཐུས་མི་ ༥༠ ལྷག་ཙམ་དང་། བོད་མི་ཚོགས་བཅར་བ་ ༦༠ ལྷག་ཙམ་བཅས་ཁྱོན་ཚོགས་བཅར་མི་གྲངས་ ༡༠༠ ལྷག་ཙམ་ལྷན་ཞུགས་གནང་གི་ཡོད་པ་དང་། ཚོགས་ཆེན་གྱི་དབུ་འབྱེད་དང་། མཇུག་བསྡོམས་མཛད་སྒོ་གཉིས་རྩིས་ཚོགས་འདུ་ཐེངས་བརྒྱད་ཚོགས་གནང་གི་ཡོད་པ་རེད། ཚོགས་འདུའི་སྐབས་བརྗོད་གཞི་གཙོ་བོ་དྲུག་ཡོད་པ་གཤམ་གསལ།

  • ༡༽     བོད་མཐོ་སྒང་ནི་འཛམ་གླིང་སའི་གོ་ལའི་སྣེ་གསུམ་པ་དང་། བོད་ཀྱི་ཁོར་ཡུག་གནས་སྟངས་དང་དེའི་ཤུགས་རྐྱེན།
  • ༢༽     ད་ལྟའི་གནས་སྐབས་འདིར་བོད་མིར་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱ་ཕྱོགས།
  • ༣༽     བོད་ཐོག་འཛིན་པའི་རྒྱ་གཞུང་གི་སྲིད་བྱུས་དང་། རྒྱ་ནག་གི་མ་འོངས་འགོ་འཁྲིད་བརྗེ་བསྒྱུར་དང་བོད་ཀྱི་གནས་བབ།
  • ༤༽    རིག་གཞུང་དང་ཆོས་དད་རང་དབང་དང་། སྤྱི་ཚོགས་བརྟན་ལྷིང་དབར་ཕན་ཚུན་གཅིག་ལ་གཅིག་བརྟེན།
  • ༥༽     རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁང་གི་ལས་དོན་སྙན་གསན་དང་ཚོགས་ཆུང་ཆ་བགོས་ཐོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ་ནུས་ཤུགས་ཆེ་རུ་གཏོང་ཐབས།
  • ༦༽     ཚོགས་ཆུང་ཆ་བགོས་ཐོག་མ་འོངས་ལས་འཆར་སྤེལ་ཕྱོགས།

གོང་གསལ་དོན་ཚན་ཁག་ལ་གོ་བསྡུར་སྦྱང་བཤད་མཐིལ་ཕྱིན་གྲུབ་མཚམས་ཚོགས་ཆེན་ཐེངས་དྲུག་པའི་མཐའ་མའི་ཡོངས་ཁྱབ་གསལ་བསྒྲགས་དང་། མ་འོངས་ལས་འཆར་ཇི་སྤེལ་གྱི་ཡིག་ཆ་ཁག་བཅས་གཏན་འབེབས་དང་འབྲེལ་ཚོགས་ཆེན་དྲུག་པ་མཇུག་བསྡོམས་གནང་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། གཉིས་པ་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནུས། གསུམ་པ་ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། བཞི་པ་ཕྱི་ལོ་ ༢༠༠༥ ལོར་སོ་ཀོཊ་ལེཎཊ་རྒྱལ་ས་ཨིཌན་སྦ་ར། ལྔ་པ་ཨི་ཊ་ལིའི་རྒྱལ་ས་རོམ་བཅས་སུ་ཚོགས་ཡོད་པ་རེད།

ད་རེས་ཚོགས་ཆེན་ཐེངས་དྲུག་པ་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ལས་ཁང་དང་། ཁེ་ན་ཌ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཐུན་མོང་ནས་གོ་སྒྲིག་ཞུ་བཞིན་ཡོད་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༡༢ ཟླ་ ༤ ཚེས་ ༡༧ ལ།