༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༥ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་མཆོག སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཇ་མུ་ཀ་ཤི་མིར་གྱི་རྒྱལ་ས་ཤྲཱི་ན་གྷར་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ལེགས་གྲུབ་ཀྱིས་མཇུག་བསྡོམས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་གནང་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་རྣམ་པས་ཇ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་ཧྥ་རོག ཨབ་དྷུ་ལ་ (Dr Farooq Abdulla, former Chief minister of J&K and former Union Minister) མཆོག་དང་། ཁོང་གི་སྲས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཨུ་མར་ ཨབ་དྷུ་ལ་(Shri. Omar Abdulla, former Chief minister of J&K and former Union Minister, JKNC party) མཆོག
ཇ་མུ་ཀ་ཤི་མིར་ཁུལ་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་གསུམ་པ་ཨབ་ནི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨལ་ཊིབ་ བྷུ་ཁཱ་རི་ (Shri Altif Bukhari, President of Apni Party, third biggest political party in J&K) མཆོག་དང་། ཚོགས་གཞོན་ཇི་ ཨེཇ་ ཧ་སན་ (Shri G. H Hassan, Vice President, Apni Party)མཆོག དྲུང་ཆེ་སྐུ་ཞབས་ར་ཧྥི་ མིར་ (Rafi Mir, General Secretary) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཡ་ཝར་ མིར་ (Shri Yawar Mir, former MLA, J&K) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་ཞུ་སྐུལ་དང་། ཚོགས་གཙོའི་མཚན་རྟགས་འཁོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོན་ཚན་བཅུ་ཅན་གྱི་བོད་དོན་ཞུ་ཡིག་དང་། དྲན་རྟེན་ཕྱག་རྟགས་བཅས་སོ་སོར་ཕུལ་རྗེས། ཇ་མུ་ཀ་ཤི་མིར་གྱི་རྒྱལ་ས་ཤྲཱི་ན་གྷར་ཁུལ་གྱི་བོད་དོན་ཞུ་སྐུལ་གྱི་ལས་དོན་ཁག་ལེགས་གྲུབ་བྱུང་ཡོད་པ་དང་།
དེ་ནས་རྒྱ་གར་གྱི་གསར་ཁང་ (JK Vision) དང་། (The voice of Kashmir) (ANI) (ABP) (News 18 Kashmir) (Zee) (PTA) (DENAK Sevaera News) (Kashmir Observer) (India Today) (Daily Excel Share) སོགས་ཁྱོན་གསར་ཁང་ ༣༠ ལྷག་ཙམ་གྱི་གསར་འགོད་པ་འདུ་འཛོམས་ཐོག་བོད་དོན་སྐོར་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་གནང་ཡོད་པ་བཅས།