༄༅། ། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཇར་མ་ནི་རོགས་ཚོགས་ (FNF) ཡི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ཟླ་ ༦ པའི་ཚེས་ ༡༧ ཉིན་སྔ་དྲོ་ཆུ་ཚོད་ ༡༡།༤༥ ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་བཅའ་སྡོད་འཇར་མན་གཞུང་ཚབ་ཁང་གི་ལས་བྱེད་དང་། མཁས་དབང་། གསར་འགོད་པ་དང་། དེ་བཞིན་འཇར་མན་ (FNF) རོགས་ཚོགས་ཀྱི་ལྷོ་ཨེ་ཤི་ཡའི་འགན་འཛིན་གཙོས་ལས་བྱེད་ཁག་ཅིག་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་སོང་།
སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་ནས་སྣེ་ལེན་མཇལ་འཕྲད་དང་། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས།
བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། སྔོན་རྩིས་གྲོས་ཚོགས་དང་། ལས་བསྡོམས་གྲོས་ཚོགས་བཅས་ཚོགས་དུས་གཉིས་ཀྱི་སྐོར་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་སོང་།
དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྐུ་མགྲོན་རྣམ་པ་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྐུ་མགྲོན་རྣམ་པར་འཚམས་འདྲི་དང་སྦྲགས། འཇར་མན་རོགས་ཚོགས་ (FNF) ཀྱིས་ད་བར་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་ཡོང་ཐབས་ཐོག་མཐུན་འགྱུར་གང་ཐུབ་གནང་བ་དང་། དེ་བཞིན་ཉེ་ཆར་ཡུ་རོབ་གྲོས་ཚོགས་འཐུས་མིའི་འོས་མི་མང་དག་ཅིག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་བ་བཅས་ལ་བསྔགས་བརྗོད་ཞུས་རྗེས། འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཡུ་རོབ་ནང་བོད་དོན་ཞུ་སྐུལ་སླད་ཕེབས་རྒྱུའི་ལས་རིམ་སྐོར་ངོ་སྤྲོད་དང་སྦྲགས། དེའི་སྐབས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ནས་མཐུན་འགྱུར་གནང་གི་ཡོད་སྐོར་སོགས་གསུངས་གནང་སོང་།
དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་དང་། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་བཟོ་བཞིན་ཡོད་པ་སོགས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་འཕྲོག་པའི་སྐོར་དང་། རྒྱ་དམར་གྱི་སྡུག་སྦྱོང་མནར་གཅོད་ལ་མི་བཟོད་པར་བོད་མི་ཚོས་བོད་དོན་ཆེད་རང་ལུས་མེར་སྲེག་ཕུལ་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་སོགས་གནང་རྗེས། བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་དང་། ཁོང་རྣམ་པའི་དྲི་བ་ཁག་ལ་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་།
ཐེངས་འདིའི་ཚོགས་ཆུང་ནང་རྒྱལ་ས་ལྡི་ལིར་བཅའ་སྡོད་འཇར་མན་གཞུང་ཚབ་ཁང་གི་ཆབ་སྲིད་སློབ་སྟོན་པ་མ་རཡེ་སི་ ཨོ་སི་ཝལ་ཌ་ (Marius Osswald, Political Minister Counsellor for German Embassy in New Delhi) ལགས་དང་། (Wilhelm Textile) ཞེས་པའི་རས་ཆའི་བཟོ་ཚོང་ཁང་གི་འཛིན་སྐྱོང་འགན་འཛིན་ཨེ་རིག་ ཨི་ལིག་ (Erik Illig, Managing Director) ལགས། རྒྱ་གར་ལྷོ་ཕྱོགས་ཀོ་ཆི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མང་ཚོགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ (Centre for Public Policy Research, Kochi) ཞེས་པ་ཐོག་མར་གསར་འཛུགས་གནང་མཁན་དང་། འགན་འཛིན་འབུམ་རམས་པ་ཌི་ དྷ་ནུ་རཱ་ཇཱ་ (D Dhanuraj PhD, Founder-Chairman of the CPPR) ལགས། འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) ལགས་དང་། ལས་འཆར་འགན་འཛིན་སྐུ་ཞབས་ཕེ་རནྐ་ ཧོ་ཧྥུ་མན་ (Frank Hoffmann, Regional Project Manager, FNF South Asia) ལགས། ལས་གཞི་ལྟ་རྟོག་འགན་འཛིན་རྒན་པ་ནུ་པུར་ ཧ་སི་ཇཱ་ (Nupur Hasija, Senior Program Manager, FNF South Asia) ལགས། རྩིས་ཞིབ་པ་ཤིག་ཤཱ་ ཁཱ་ནཱ་ (Shiksha Khanna, Regional Internal Auditor, FNF South Asia) ལགས། སྐད་བསྒྱུར་རི་ཏུ་ ཁཱ་ནཱ་ (Ritu Khanna, Freelance German-English Translator) ལགས་བཅས་ཕེབས་གནང་འདུག་པ་བཅས།