རྒྱལ་རོང་ཟླ་བ་ཚེ་རིང་ལགས་སུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།

གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར།

སྔོན་གླེང༌། 

༄༅། །སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་མཆོག་ཚོགས་དུས་ ༢ པར་ཚོགས་ཞུགས་གནང་བཞིན་པའི་སྐབས། གློ་བུར་བསྙུན་མནར་གྱིས་ཅན་དྷི་སྒར་དུ་སྨན་གཏུགས་གཤགས་བཅོས་བྱས་ཀྱང་དྲགས་བསྐྱེད་མ་བྱུང་བར། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་དགུང་གྲངས་ ༦༠ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དམ་པ་ཁོང་ནི་ ༡༩༥༢ ལོར་འཁྲུངས་ཤིང༌། ༡༩༥༩ ལོར་རྒྱ་གར་དུ་འབྱོར་ཏེ་རིམ་པས་སློབ་ཞུགས་གནང་།  ༡༩༦༩ ཟླ་ ༡ ཚེས་ ༣༡ ནས་ ༡༩༩༤ ཟླ་ ༡༠ ཚེས་ ༣༡ བར་ལོ་ངོ་ ༢༦ ལྷག་རིང་དང་སློབ་དམག་སྒར་ནང་དྲག་ཞབས་ཞུས་ཤིང་། ཐེག་པ་རིམ་འཛེགས་ཀྱིས། དང་སློབ་འགོ་འཛིན་ལས་རོགས་བར་ལས་དྲུང་དང༌། ལས་ཁུངས་དོ་དམ་པ། བརྒྱ་དཔོན། བཟོ་གཞིས་ལས་ཁང་འགན་འཛིན་བཅས་ཀྱི་ལས་ཁུར་ཐོག་སྲི་ཞུ་བསྒྲུབས།  ༡༩༩༤ ལོ་མཇུག་ཏུ། དང་ཞབས་ནས་རྩ་དགོངས་ཞུས་རྗེས་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་གཞིས་གྲོང་བརྒྱ་དཔོན་དང༌། ས་གནས་དང་ཟུར་སྐྱིད་སྡུག་གི་རྒྱུན་ལས་ལོ་གསུམ་གནང་བ་དང་། ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་ཁུར་ལོ་དྲུག་དང་། མན་སྤར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོའི་ལས་འཁུར་བསྟུད་མར་སྐབས་གཉིས་རིང་གནང། ནུབ་བྷང་གྷལ་མངའ་སྡེའི་རྒྱལ་ས་ཀ་ལི་ཀ་ཏ་བོད་མིའི་སུད་ཚོང་གི་འགན་འཐུས་ལོ་ལྔ་དང་། མདོ་སྨད་ཆོལ་ཁའི་སྐབས་ ༡༡ པའི་དབུས་རྒྱུན་ལོ་གསུམ་དང་།  སྐབས་ ༡༣ པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོའི་ལས་འཁུར་བཞེས། སྐབས་ ༡༣ པ་དང་སྐབས་ ༡༤ པ། སྐབས་ ༡༥ པ་བཅས་ཀྱི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་བཞིན། ད་བར་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ཆ་ཚང་ཆད་མེད་ཚོགས་བཅར་གནང་ཡོད་པ་མ་ཟད། སྐབས་ ༡༣ པར་སྤྱི་འཐུས་རྒྱུན་ལས་ལོ་བཞི་དང་། སྐབས་ ༡༤ པར་ལོ་གསུམ་དང་ཕྱེད་ལྷག་ལས་འཁུར་བཞེས་ཐོག ད་བར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང༌། ལོ་འཁོར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་སོགས་སྤྱི་འཐུས་ལྷན་ཚོགས་དང་རྒྱུན་ལས་ཀྱིས་ཆེད་བཙུགས་ཚོགས་ཆུང་འདྲ་མིན་ ༢༥ ཙམ་ནང་ཕྱག་ལས་ཧུར་བསྐྱེད་གནང་བ་སོགས་བོད་དང་བོད་མིའི་བདེ་རྩར་སྨན་པའི་ཕྱག་ལས་རྒྱ་ཆེར་གནང་བའི་མཛད་རྗེས་ཅན་ཞིག་ཡིན།

གྲོས་ཆོད།

སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང༌།  དམ་པ་དེ་ཉིད་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས། ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང༌།  ཤུལ་ལུས་ནང་མི་ལྟོས་བཅས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༩ ལ།།