དཔལ་ལྡན་ཚོགས་གཙོ་མཆོག་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་ ༢༥ པའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་ཏེ་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༣༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཙམ་ལ་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རྩེད་ཐང་སྟེང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བའི་༸རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་སྤོལ་འགྲན་སྡུར་ཐེངས་ ༢༥ དེ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བོད་མི་མང་སྤྱི་འཐུས་ཁག་གཅིག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྩེད་འགྲན་པ་རྣམ་པ། རྡ་ས་ཁུལ་གྱི་སེར་སྐྱ་གཟིགས་མོ་བ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར་འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་རུ་ཁག་ ༢༣ ཡོད་པ་རྣམས་ཀྱི་རྩེད་མོ་བ་རྣམས་རྩེད་ཐང་དུ་ཐོན་ནས་རུ་ཁག་སོ་སོའི་རུ་དར་འཕྱར་ནས་རུ་སྒྲིག་གནང་རྗེས། གཟིགས་མོ་བ་རྣམས་ཡར་བཞེངས་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར།

དེ་ནས་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ཆེད་རང་སྲོག་ཚུན་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་གཙོ་གྱུར་ཐོག་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་པ་དང་འབྲེལ་བདེན་ཚིགས་སྨོན་ལམ་གསུང་འདོན་གནང་།
དེ་རྗེས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་དོན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༠༢ ལོ་དབུ་འཛུགས་ཞུས་ཏེ་ད་བར་ལོ་ངོ་ཧྲིལ་བོ་ ༡༨ འགྲོ་བཞིན་ཡོད་པ་དང་། ཚོགས་པ་འདིའི་ནང་རྡ་ས་ནས་རྒྱུན་ལས་དྲུག་བདུན་ཡོད་པ་དེ་དག་ཚང་མ་མ་བསྐུལ་དང་བླངས་ཐོག་ནས་ཕྱག་ལས་གནང་བཞིན་ཡོད།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འདི་ཉིད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་འོག་ལ་གནས་ནས་ལོ་གཅིག་ཙམ་འགྲོ་བཞིན་ཡོད་པ་དང་། ཚོགས་པ་འདི་ཉིད་མུ་མཐུད་གནས་པར་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། བོད་མིའི་སྒྲིག་འཛུགས། དགའ་ལྡན་ཕོ་བྲང་། གཞུང་འབྲེལ་མིན་པའི་ཚོགས་ཁག་སོགས་ནས་མཐུན་འགྱུར་རོགས་རམ་གནང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། སློབ་སྦྱོང་གནང་རྒྱུ་ཡིན་ནའང་རེད། ལས་དོན་ཇི་འདྲ་ཞིག་གནང་རྒྱུ་ཡིན་ནའང་འཕྲོད་བསྟེན་ཧ་ཅང་གལ་ཆེན་པོ་རེད། འཕྲོད་བསྟེན་ཡག་པོ་མེད་ན་ལས་དོན་གང་འདྲ་གནང་དགོས་བསམ་ཀྱང་གྲུབ་ཁག་པོ་རེད། དེའི་ནང་ནས་རྩེད་མོའི་རིགས་ནི་འཕྲོད་བསྟེན་དང་འབྲེལ་བ་ཡོད་པ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པར་བརྟེན། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་འདི་ཉིད་མ་བསྐུལ་དང་བླངས་ཐོག་བཙུགས་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོ་བོད་མི་རྣམས་འཛམ་གླིང་འདིའི་ཐོག་རྐང་སྤོལ་རྩེད་རིགས་ཙམ་མིན་པར་སིལ་སྤོལ་དང་རྒྱུག་མཆོང་འཕེན་གསུམ་ལ་སོགས་པ་གང་ཅིའི་ཐོག་རྩེ་ཕུད་ཐོན་དགོས་རྒྱུ་གནད་འགག་ཆེན་པོ་ཆགས་ཡོད།

རྩེ་ཕུད་ཐོན་པར་སློབ་གྲྭ་ཙམ་མིན་པར་སྒྲིག་འཛུགས་ཤིག་མེད་ན་མེད་ཐབས་མེད་པ་ལྟ་བུ་ཆགས་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༢ ནས་བཟུང་སྒྲིག་འཛུགས་འདི་བཙུགས་པ་དང་། སྒྲིག་འཛུགས་འདི་ཉིད་ལོ་ནས་ལོ་བསྟུད་ཡར་རྒྱས་འགྲོ་ཡི་ཡོད་པ་དང་། ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མཐུན་འགྱུར་སྤུངས་རོགས་གནང་གི་ཡོད་པ་དང་ཕྱོགས་གཞན་ཞིག་ནས་རྒྱ་ཆེ་མང་ཚོགས་ཀྱིས་མཐུན་འགྱུར་གནང་བ་ལ་བརྟེན་ནས་བྱུང་བ་གོང་དུ་གསུང་བ་ལྟར་རེད། དེར་བརྟེན་རྒྱ་ཆེ་མང་ཚོགས་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་འབོད་སྐུལ་ཞུ་རྒྱུར། སྒྲིག་འཛུགས་འདི་རིགས་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་རྒྱུ་གནད་འགག་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།

དེ་རིང་འདིར་རྐང་སྤོལ་རྩེད་འགྲན་རུ་ཁག་ ༢༣ ཕེབས་ཡོད། རྩ་བའི་འདི་ལྟ་བུའི་རྩེད་འགྲན་བྱེད་སྐབས་ཕྱོགས་གཅིག་རྒྱལ་བ་དང་ཕྱོགས་གཅིག་ཕམ་པ་ཆོས་ཉིད་རེད། རྒྱལ་ཕམ་གང་བྱུང་བ་ཡིན་ནའང་སྒྲིག་འཛུགས་དང་ཀུན་སྤྱོད་དང་ལྡན་པ། གང་ལྟར་བཟང་པོའི་སྤྱོད་པ་འདི་མི་གཞན་ལ་མིག་དཔེ་སྟོན་ཐུབ་པ་ཞིག་བཟོ་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་རེས་ང་ཚོ་བོད་པ་ནང་ཁུལ་ཙམ་མིན་པར་མ་འོངས་པར་ས་གནས་གང་དུ་རྩེད་འགྲན་སླད་ཕེབས་པ་ཡིན་ནའང་རྒྱལ་ཁ་མ་ཐོབ་པ་ཡིན་ནའང་བོད་པ་དེ་དག་རྩེ་མོ་རྩེད་པའི་སྐབས་ཚུལ་དང་མཐུན་པ་སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་རྩེ་མོ་རྩེད་ཀྱི་འདུག་ཟེར་རྒྱུ་ཞིག་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་འདྲའི་ཐོག་དེ་སྔ་ཡིན་ནའང་གནས་ཚུལ་ཁ་ཤས་བྱུང་ཡོད། དེ་འདྲ་བྱུང་བའི་རྗེས་ས་གནས་དེ་དང་དེའི་མི་མང་གིས་ཁྱེད་རང་ཚོ་ཕར་ཕྱིན་ནས་འཁྲུག་པ་བརྒྱབ་ནས་ཡོང་བ་ཡིན་ན་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་མིན་ཞེས་དེ་འདྲ་གསུང་བ་བྱུང་འདུག དེར་བརྟེན་རྒྱ་ཆེ་མང་ཚོགས་ངོས་ནས་ཀྱང་ས་གནས་གང་དང་གང་ནས་སྐུ་ཚབ་རྩེ་མོ་རྩེད་བར་ཕེབས་ཡོད་པ་ཡིན་ནའང་དེ་དག་ལ་རྒྱབ་སྐྱོར་གནང་དགོས། འོན་ཀྱང་སྤྱོད་པ་ངན་པ་བྱས་ནས་ཡོང་བ་ཡིན་ན་རྒྱབ་སྐྱོར་གནང་རྒྱུ་མེད། ཚུལ་དང་མཐུན་པའི་ཐོག་ནས་རྩེད་ནས་ཕམ་པ་ཡིན་ནའང་སྐྱོན་མེད་མཐུན་འགྱུར་མུ་མཐུད་གནང་དགོས། གང་ལྟར་རྒྱལ་ཕམ་སུ་ལ་བྱུང་བ་ཡིན་ནའང་ཁྱད་པར་མེད། ཅེས་གསུང་བཤད་གནང་།

དེ་ནས་དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། གོང་དུ་གསུང་བཤད་གནང་བ་དེ་དག་སྙིང་ལ་བཅངས་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག  བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་ནས་དེ་སྔ་ཕྱག་ལས་གནང་བ་ཁག་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ལྷག་པར་གོ་སྒྲིག་ཚོགས་ཆུང་ངོས་ནས་དུས་ཡུན་ཆུང་ངུ་ཞིག་དང་ཆ་རྐྱེན་དེ་ཙམ་མེད་ནའང་དེ་ལ་དཔགས་པའི་གོ་སྒྲིག་ཧ་ཅང་ཡག་པོ་གནང་བ་དང་། གོ་སྒྲིག་ཚོགས་ཆུང་ངོས་ནས་དེ་སྔའང་ཕྱག་ལས་གནང་བ་དང་། དེ་བཞིན་ CONIFA རྩེད་འགྲན་ལ་ཕེབས་པ་རེད། ཉེ་ཆར་བུད་མེད་རྐང་སྤོལ་རྩེད་འགྲན་ནང་མཉམ་ཞུགས་གནང་བ་རེད། གཞན་ཡང་དུས་ནས་དུས་སུ་༸རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་བཞིན་ཡོད། དགའ་ལྡན་ཕ་བྲང་དང་བོད་ཕྲུག་ཁྱིམ་སྡེ་ནས་མཐུན་འགྱུར་གནང་བ་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་གང་ཐུབ་ཕྱར་གྲུ་མཉམ་འདེགས་ཞུ་བཞིན་ཡོད། དེར་བརྟེན་འབྲེལ་ཡོད་ཡོངས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།

དེ་རིང་གི་ཉིན་མོ་ནི་རྒྱལ་སྤྱིའི་རྡོ་ཐ་མ་འཐེན་རྒྱུའི་ཉིན་མོ་ཆགས་ཀྱི་ཡོད། དེར་བརྟེན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་བརྗོད་གཞི་ནི་རྡོ་ཐ་དང་རྡོ་ཐ་མི་དགོས་པའི་ཐོག་ནས་གློ་བ་བཟང་དུ་གཏོང་རྒྱུའི་འཕྲོད་བསྟེན་ཞེས་པའི་འབོད་སྒྲ་ཆགས་ཀྱི་འདུག དེ་རིང་གི་གོ་སྐབས་འདི་བརྒྱུད་རྡོ་ཐ་རིགས་ལོངས་སུ་སྤྱོད་མཁན་རིགས་ལ་ལོངས་སུ་མི་སྤྱོད་པ་དང་། དེས་སོ་སོའི་སྤྱི་ཚོགས་དང་དཔལ་འབྱོར། འཕྲོད་བསྟེན་བཅས་ལ་ཞན་ཆ་ཡོང་གི་ཡོད་པའི་གནད་དོན་ཁྱབ་སྤེལ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་།རྩེ་འགྲན་ཇི་འདྲ་ཞིག་ཚོགས་པ་ཡིན་ནའང་ཕན་ཚུན་འཆམ་མཐུན་དང་རོགས་ཕན། བཟོད་སེམས་སོགས་ཀྱི་སློབ་གསོ་དང་བསླབ་བྱ་རིགས་རྩེད་འགྲན་བརྒྱུད་ཤེས་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད། དེར་བརྟེན་ཐེངས་འདིའི་རྩེད་འགྲན་ནང་རྒྱལ་ཕམ་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། འོན་ཀྱང་གཙོ་ཆེ་ཤོས་རྩེད་འགྲན་མཇུག་སྒྲིལ་བའི་སྐབས་རྩེད་འགྲན་འདི་ཉིད་ལོ་རྒྱུས་ནང་འཁོད་འོས་པ་ཞིག་དང་སྒྲིག་འཛུགས་དང་ལྡན་པ་ཞིག་ཚོགས་སོང་སྙམ་པ་ཡོང་བའི་སྨོན་འདུན་དང་ཡིད་ཆེས་ཡོད།

ཅེས་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་མཆོག་རྣམ་གཉིས་ལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲན་རྟེན་དུས་དེབ་སྤྱན་འབུལ་དང་། རྩེད་འགྲན་རུ་ཁག་རྣམས་ངོ་སྤྲོད་དང་རྡ་སྟེང་བོད་ཁྱིམ་ཟློས་དགེ་ཟླ་བ་བཀྲིས་ལགས་ཀྱིས་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གཞན་སྣ་བཏང་རྗེས། ཕྱི་ལོ་ ༢༠༡༩ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༢༥ དངོས་སུ་མགོ་འཛུགས་གནང་སྟེ་མོན་གྷོ་རུ་ཁག་དང་རྡ་ས་རུ་ཁག་གཉིས་བར་འགྲན་བསྡུར་གནང་བ་དང་མོན་གྷོ་རུ་ཁག་གིས་རྒྱལ་ཁ་བླངས་ཡོད་པ་བཅས། །

—-བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་བཤུས། །

Menu