རྒྱལ་ཚོགས་ནས་རྒྱ་ནག་གིས་བོད་ཀྱི་ནང་པའི་དགོན་སྡེ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་པར་ཉེན་བརྡ་བཏང་བ།

ཇི་ནི་ཝ། ༠༡།༡༡།༢༠༡༡ དགེ་འདུན་པ་ ༢༥༠༠ ཙམ་བསླབ་པ་སློབ་གཉེར་གནང་སའི་བོད་ཨ་མདོ་རྔ་པ་ཀིརྟི་དགོན་པར་དྲག་ཆས་མི་སྣས་དམ་དྲག་སོགས་ཀྱིས་ད་ལྟ་ཡ་ང་བའི་གནས་སྟངས་འོག་གནས་བཞིན་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཁྱད་མཁས་མི་སྣའི་ཚོ་ཁག་ཅིག་ནས་བློ་འཚབ་ཤུགས་ཆེ་བཏོན་འདུག

དེ་ཡང་ད་ལྟ་བོད་ཨ་མདོ་རྔ་པ་ཁུལ་དུ་རྒྱ་ནག་གི་དྲག་པོའི་དམག་དཔུང་འགྲེམས་འཇོག་ཤུགས་ཆེ་ཡོད་པར་སོང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Heiner Bielefeldt མཆོག་གིས་རྒྱ་གཞུང་ནས་མང་ཚོགས་དཀྱུས་མ་དང༌། དགོན་སྡེའི་སྤྱི་ཚོགས་ནང་དྲག་གནོན་སུན་གཙེར་མཚམས་འཇོག་དགོས་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཆོས་བྱེད་རང་དབང་ལ་གུས་བརྩི་དང་སྲུང་སྐྱོབ་དགོས་སྐོར་གསུངས་ཡོད་པ་རེད།

ད་ལྟའི་གནས་སྐབས་སུ་དགོན་པའི་ཕྱི་ནང་གཉིས་ཀར་ཆོས་བྱེད་ལས་དོན་ལ་ལྟ་ཞིབ་ཆེད་བདེ་འཇགས་མི་སྣ་འགྲེམས་འཇོག་དང་སྐོར་བསྐྱོད་སོགས་ཀྱིས་ཛ་དྲག་ལས་དོན་སྤེལ་བཞིན་པ་འདི་ལྟ་བུའི་དྲག་གནོན་འདིས་ཆོས་དད་རང་དབང་ལ་བཀག་འགོག་དང༌། ལྷག་པར་དུ་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་བཞིན་དེ་བས་ཛ་དྲག་ཆེ་རུ་བཟོ་རྒྱུ་མ་ཟད། འགལ་ཟླ་ཆེ་རུ་བཟོས་པ་ལྟ་བུ་ཆགས་རྒྱུ་ཡིན་སྐོར་སྐུ་ཞབས་ Heiner Bielefeldt མཆོག་གིས་མུ་མཐུད་གསུངས་ཡོད་པ་རེད།

སྐུ་ཞབས་ Heiner Bielefeldt མཆོག་གི་བསྒྲགས་གཏམ་ལ་རང་དབང་ཐོག་ཞི་བདེའི་འདུ་འཛོམས་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Maina Kiai མཆོག་གིས་དགའ་བསུ་ཞུས་པ་མ་ཟད། དེ་འདྲའི་དམ་དྲག་གིས་དགོན་སྡེའི་མི་སྣ་འདུ་འཛོམས་ཀྱི་རང་དབང་ལའང་དོ་ཕོག་བཟོ་ཡི་ཡོད་སྐོར་གསུངས་གནང་ཡོད་རེད།

དེ་བཞིན་སྨྲ་བརྗོད་རང་དབང་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Frank La Rue མཆོག་གིས་རྒྱ་གཞུང་ནས་ད་སྐབས་ཨ་མདོ་རྔ་པ་ཁུལ་དུ་ལག་འཁྱེར་ཁ་པར་བརྒྱུད་འཕྲིན་ཐུང་གཏོང་རྒྱུ་དང༌། དྲ་རྒྱ་བེད་སྤྱོད་ཐད་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་ཁར། གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་ཀྱི་རང་དབང་མེད་པའི་གནད་དོན་ཡང་གླེང་སློང་གནང་བ་མ་ཟད། ཁོང་གིས་ད་དུང་སྲིད་གཞུང་ནས་དེ་འདྲའི་སྲིད་བྱུས་འཛིན་པ་ལས། མང་ཚོགས་ཀྱི་མངོན་འདོད་ལ་ཉན་འཇོག་བྱས་ཏེ་དགོན་སྡེའི་སྤྱི་ཚོགས་ཀྱི་དཀའ་ངལ་རྣམས་སེལ་རྒྱུར་འབད་བརྩོན་གནང་དགོས་སྐོར་ཡང་གསུངས་གནང་ཡོད་པ་རེད།

རྒྱ་གཞུང་ནས་དྲག་པོའི་བདེ་འཇགས་མི་སྣ་འགྲེམས་འཇོག་ཤུགས་ཆེ་བྱས་རྐྱེན་རྒྱ་གཞུང་གི་འགན་འཁུར་བ་དང་དགོན་སྡེའི་ཚོགས་མིའི་དབར་དཀའ་རྙོག་ཤུགས་ཆེ་རུ་ཕྱིན་པ་དང༌། ལྷག་པར་ཕྱི་ལོ་ ༢༠༡༡ ཟླ་ ༣ ནས་བཟུང་ཆོས་བྱེད་མི་སྣ་དང༌། བོད་མི་དཀྱུས་མས་ཆོས་དད་རང་དབང་སྲུང་སྐྱོབ་ཐོག་ལས་འགུལ་སྤེལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། ད་ལྟའི་རྒྱ་གཞུང་གིས་ཆོས་དད་དང༌། སྨྲ་བརྗོད། འདུ་འཛོམས་བཅས་ཀྱི་རང་དབང་ཐོག་དམ་དྲག་ཤུགས་ཆེ་བྱས་རྐྱེན། དགེ་འདུན་པ་བརྒྱ་ཕྲག་མང་པོ་རང་གི་དགོན་སྡེ་ནས་ཕྱི་རུ་མི་ཐོན་ཀ་མེད་བཟོས་པ་མ་ཟད། དགེ་འདུན་པ་མང་པོ་འཛིན་བཟུང་དང༌། ད་དུང་མང་པོ་ཞིག་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་རེད།

བཙན་དབང་དང་རང་དབང་མེད་པར་གར་སོང་ཆ་མེད་དུ་གྱུར་པའི་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ Jeremy Sarkin མཆོག་གིས་བོད་མི་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་པ་ནི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་ཞིང༌། རྒྱལ་ཚོགས་ནས་ནམ་ཡང་ངོས་ལེན་ཐུབ་ཐབས་མེད་སྐོར་ཡང་གསུངས་ཡོད་པ་རེད། ཁོང་གིས་ད་དུང་རྒྱ་ནག་གི་ནག་ཉེས་ཁྲིམས་ལུགས་ལ་བསྐྱར་ཞིབ་བྱེད་བཞིན་པ་དེ་ཡིས་རང་དབང་མེད་པར་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནད་དོན་རྒྱལ་ཁབ་ནང་ཁྲིམས་མཐུན་བཟོ་ཐབས་ཡིན་པ་དང༌། དེ་འདྲའི་ཡ་ང་བའི་ལམ་ལུགས་འདི་ནམ་ཡང་ངོས་ལེན་མེད་པ་མ་ཟད། བཙན་དབང་ཐོག་གར་སོང་ཆ་མེད་དུ་འགྱུར་བཞིན་པ་འདི་དག་གནས་སྟངས་གང་འདྲ་ཞིག་གི་ནང་དུའང་ངོས་ལེན་ཐུབ་ཐབས་མེད་སྐོར་ཡང་གསུངས་ཡོད་པ་རེད།

དེ་བཞིན་མི་སྣ་གཞན་གང་བྱུང་འཛིན་བཟུང་ཐད་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སྐུ་ཞབས་ El Hadji Malick མཆོག་གིས་ད་སྐབས་ཟི་ཁྲོན་ཁུལ་དུ་གང་བྱུང་འཛིན་བཟུང་དང༌། དགེ་འདུན་པ་བཀག་ཉར་བྱེད་བཞིན་པའི་ཐད་བློ་འཚབ་བཏོན་གནང་བ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་ཞི་བའི་ཐོག་རང་གི་རང་དབང་དང་ཐོབ་ཐང་རྩོད་ལེན་བྱེད་བཞིན་པ་སུ་ཡང་འཛིན་བཟུང་བཀག་ཉར་ཆོག་གི་མེད་སྐོར་ནན་བརྗོད་གནང་འདུག

གཞན་ཡང་གྲངས་ཉུང་མི་རིགས་ཐད་རྒྱལ་ཚོགས་ཀྱི་རང་དབང་ཅན་གྱི་ཁྱད་མཁས་མི་སྣ་ལྕམ་ Rita Izsak མཆོག་གིས་རྒྱ་གཞུང་གི་འགོ་འཁྲིད་ཚོས་ཆོས་དད་དང་རིག་གཞུང་སོགས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་རང་དབང་གི་ཐོག་ནས་ཉམས་ལེན་བྱེད་དུ་འཇུག་དགོས་སྐོར་འབོད་སྐུལ་གནང་ཡོད་པ་མ་ཟད། ཁོང་གིས་ད་དུང་རྒྱ་གཞུང་ནས་དེ་འདྲའི་དྲག་སྤྱོད་ལག་བསྟར་མཚམས་འཇོག་དང༌། མུ་མཐུད་དཀའ་རྙོག་དེ་འདྲ་མི་ཡོང་བའི་ཆེད་དྲག་པོའི་ཐབས་ལམ་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།