ཕྱི་ལོ་༢༠༡༢ ཟླ༡༡ ཚེས་༡༧ ཉིན། བོད་ནང་གི་ཕྱི་དྲོ་ཆུ་ཚོད་༤ པ་ཡས་མས་སུ། བོད་མདོ་སྨད་རྨ་ལྷོ་རེབ་གོང་སྨད་པ་ཁ་རྒྱ་སྡེ་བའི་རང་ལོ་ ༢༧ ཡིན་པའི་རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱིས། རེབ་གོང་རྨ་ལྷོ་ཁུལ་གྱི་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་གྱི་ཁྲལ་སྡུད་ལས་ཁུངས་ཀྱི་སྒོ་ཁ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་ཡོད་འདུག། ས་གནས་མི་མང་གིས་སྐུ་ཕུང་རྒྱ་ལག་ལ་ཤོར་མ་བཅུག་པར་རེབ་གོང་རོང་པོ་དགོན་པའི་སྒྲོལ་མ་ཐང་ཆེན་དུ་གདན་ཞུས་ཀྱིས་ཕ་མ་གཉིས་ཕེབས་རག་བར་སེར་སྐྱ་མི་མང་གིས་སྨོན་ལམ་གསུང་འདོན་གྱིས་ཉར་ཡོད་པ་དང་། ཕ་མ་གཉིས་ཕེབས་ནས་ངོ་ཐག་ཆོད་ཟིན་མཚམས། རེབ་གོང་རོང་བོ་དགོན་ཆེན་གྱི་རྒྱབ་རི་ངོས་ཀྱི་གདོང་རྒྱལ་ཀླད་དུ་གདན་ཞུས་ཀྱིས་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་གདོང་རྒྱལ་ཀླད་དུ་མཉམ་འཛོམས་ཀྱིས་རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། མ་ཎི་དབྱངས་འདོན། སྨོན་ལམ་གསུང་འདོན་བཅས་ཀྱི་ལམ་ནས་སྐུ་ཕུང་ཞུགས་འབུལ་ཞུས་འདུག
གདོང་རྒྱལ་ཀླད་ནི། རེབ་གོང་རོང་བོ་དགོན་ཆེན་གྱི་བླ་མ་དང་དགེ་འདུན་པའི་སྐུ་ཕུང་སྦྱིན་སྲེག་གནང་ས་ལས་མི་སྐྱ་ཁག་གི་ཕུང་བོ་ཞུགས་འབུལ་ཞུ་སྲོལ་མེད་ནའང་། རེབ་གོང་ཁུལ་ཐོག་ནས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་བསོད་ནམས་དར་རྒྱས་ལགས་དང་སྐལ་བཟང་སྦྱིན་པ་ལགས་གཉིས་ཀྱི་སྐུ་ཕུང་གནས་དེར་སྦྱིན་བསྲེགས་གནང་བ་མ་ཟད། མི་མང་གིས་ཕྱག་འཚལ་ཏེ་ཁ་བཏགས་བཏང་ནས་སྐུ་ཕུང་སྦྱིན་བསྲེགས་གནང་ཡོད་པ་དང་། རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱི་སྐུ་ཕུང་ལའང་མི་མང་གིས་ཕྱག་འཚལ་ཞིང་ཁ་བཏགས་འཐེན་ཏེ་ས་གནས་དེར་ཞུགས་འབུལ་བྱས་ཡོད་འདུག་ལ། དེ་ནི་ལོ་རྒྱུས་སྟེང་བུད་མེད་ཅིག་གི་སྐུ་ཕུང་རེབ་གོང་གདོང་རྒྱལ་ཀླད་དུ་ཞུགས་འབུལ་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག
རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ནི། རེབ་གོང་སྨད་པ་ཁ་རྒྱ་སྡེ་བའི་མི་ཡིན་པ་དང་། ཨ་ཕའི་མིང་ལ་འབྲུག་བྱམས་མཁར་དང་། ཨ་མའི་མིང་ལ་སྒྲོལ་མ་འཚོ་ཟེར། རྒྱལ་གཅེས་དཔའ་མོ་ཁོང་ལ་བྱིས་པ་བུ་གཉིས་ཡོད་པ་དང་། ཁོ་མོས་ནམ་རྒྱུན་ཟི་ལིང་དང་རྩེ་ཁོག་བཅས་སུ་གླ་གཏོང་རླངས་འཁོར་བཏང་སྟེ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་ཀ་བྱེད་ཀྱི་ཡོད་འདུག
རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་རྒྱ་ནག་གི་ལས་བྱེད་མང་པོ་ཡོང་སྟེ་ལྟ་རྟོག་དམ་དྲག་བྱས་ཡོད་པར་མ་ཟད། ཉེ་བའི་དུས་ནས་རྒྱ་ནག་གཞུང་གི་དམག་མི་སྟོང་ཕྲག་མང་པོ་ཡོང་སྟེ། རྨ་ལྷོ་ཁུལ་དང་རེབ་གོང་རྫོང་གི་ས་གནས་གང་སར་འཐབ་ར་བརྩིགས་ཏེ་ས་གནས་མི་མང་ལ་དམ་དྲག་བྱེད་ཀྱི་ཡོད་འདུག
གཞན་ཡང་། ཕྱི་ཚེས་ ༡༧ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༧ ཡས་མས་ཙམ་ལ། རེབ་གོང་མགོན་ཤུལ་ནས་ཡིན་པ་རང་ལོ་ ༢༤ ཅན་གྱི་རྒྱལ་གཅེས་དཔའ་བོ་གསང་བདག་ཚེ་རིང་ལགས་ཀྱིས། བོད་མདོ་སྨད་རེབ་གོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་སར། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་སོ་སྲུང་མྱུལ་ཞིབ་མི་སྣས་མེ་རུ་འབར་བཞིན་པའི་ཁོང་གི་ལུས་སྟེང་དུ་ཆུ་བྱོ་སྟེ་མེ་གསོད་ཐབས་བྱས་ཀྱང་མ་ཕན་པར་སྐུ་གཤེགས་ཡོད་འདུག
དེ་ཡང་། ཚེས་༡༧ ཉིན་སྔ་དྲོར། རྡོ་དཀར་མོ་སྲིད་གཞུང་གིས་ཚོགས་འདུ་ཆེན་པོ་ཞིག་བསྡུས་ཏེ། མེར་བསྲེགས་གཏོང་མཁན་རྣམས་ཀྱི་ནང་མིར་ཐུགས་གསོ་དང་འཚམས་འདྲིར་འགྲོ་མི་ཆོག་པ་དང་། དགོན་པ་སུ་ཞིག་སོང་ཚེ་དགོན་པའི་སྒོ་རྒྱག་རྒྱུ་ཡིན་ཞེས་བཙན་ཤེད་ཀྱིས་གཉའ་གནོན་འཇིགས་སྐུལ་བྱས་ཡོད་པ་དང་། ཉིན་དེའི་ཕྱི་དྲོར་རྒྱལ་གཅེས་དཔའ་བོ་གསང་བདག་ཚེ་རིང་ལགས་ཀྱིས་ས་གནས་ཡུལ་ཚོར་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་འདུག སྐབས་དེར་མགོན་ཤུལ་རྡོ་རྗེ་རྫོང་དགོན་པའི་དགེ་འདུན་པ་རྣམས་དང་། གསང་སྔགས་སྨིན་གྲོལ་གླིང་གི་སྔགས་པ་རྣམས་གཙོས་རེབ་གོང་མགོན་ཤུལ་གྱི་བླ་སྔགས་ཡོངས་དང་མགོན་ཤུལ་ཚོ་སྟེང་བཅུའི་མི་མང་། འདབས་འབྲེལ་དཔྱི་ས་དང་མགར་རྩེ་འབྲོག་སྡེ་སོགས་ཀྱི་མི་མང་བཅས་སྐྱ་སེར་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཐོག མགོན་ཤུལ་གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་གི་ཉེ་འགྲམ་གྱི་དུར་ཁྲོད་ནང་དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག
རྒྱལ་གཅེས་དཔའ་བོ་གསང་བདག་ཚེ་རིང་ལགས་ནི། རེབ་གོང་རྩེ་ཁོག་མགོན་ཤུལ་སྒར་བ་རུ་ཁག་བརྒྱད་པ་ནས་ཡིན་པ་དང་། ཕའི་མིང་ལ་ཆོས་དབྱིངས་ལོ་ ༥༡ དང་། མའི་མིང་ལ་སྨན་བླ་འཚོ་ལོ་ ༤༩ ། སྲིང་མོ་གཅིག་ཡོད་པའི་མིང་ལ་ཚེ་དབྱངས་སྐྱིད་ལོ་ ༢༩ ཡིན་འདུག རྒྱལ་གཅེས་དཔའ་བོ་ཁོང་གི་བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ལོ་ ༢༤ ཡིན་པ་དང་། ཁོང་གཉིས་ལ་བུ་གཅིག་ཡོད་པའི་མིང་ལ་འདན་སྐྱབས་ཟེར་ཞིང་ལོ་ ༣ ཡིན་འདུག སྡེ་བའི་ནང་ཁོང་གི་བཟའ་ཟླ་རྟ་མགྲིན་འཚོའི་མིང་ལ་འཕགས་མོ་འཚོ་ཞེས་ཀྱང་འབོད་ཀྱི་ཡོད་འདུག
རྒྱལ་གཅེས་དཔའ་བོ་ཁོང་གིས་རྟག་པར་བོད་ལ་རང་དབང་མེད་པ་དང་། ༸རྒྱལ་བོ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་ཀྱི་མེད་པ། ༸པཎ་ཆེན་རིན་པོ་ཆེ་བཙོན་ཁང་དུ་ལྷག་ཡོད་པ། བོད་ཀྱི་དཔའ་བོ་རྣམས་གཅིག་འཕྲོར་གཅིག་མཐུད་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་ཕེབས་ཕྱིན་པ་ཡིན་ན། འཇིག་རྟེན་འདིར་སྡོད་འདུན་མི་འདུག་ལ། བསྡད་ཀྱང་སྙིང་བོ་མི་འདུག་ཅེས་བཟའ་ཟླ་ལ་ཡང་ཡང་བཤད་ཀྱི་ཡོད་སྟབས། བཟའ་ཟླས་དེའི་ཐད་ཇུས་གཏོགས་བྱེད་དགོས་པ་མ་རེད་ཅེས་སེམས་གསོ་ཇི་ལྟར་བྱས་ཀྱང་། ཁོང་གིས་དེའི་སྐོར་ཤ་སྟག་གླེང་ནས་སེམས་པ་སྐྱིད་པོ་མེད་པར་སྡོད་ཀྱི་ཡོད་འདུག
དེ་བཞིན། ཉིན་བདུན་བརྒྱད་ཙམ་གྱི་སྔོན་ལ་ཁོང་གི་འདྲ་པར་ཞིག་གི་སྟེང་གྲོགས་པོ་ཞིག་ལ་གློག་ཀླད་ནང་། གདོང་དམར་བོད་ཀྱི་རྒྱུད་པ། ། གངས་སེང་དཀར་མོའི་ཚ་བོ། ། གངས་རིའི་ཕོ་རྒོད་རྣམ་པ། ། གངས་དཀར་ལ་རྒྱ་མ་བརྗེད། ། ༢༠༡༢ ལོར་ཞེས་འབྲི་རུ་བཅུག་ཡོད་པ་དང་། ཉིན་གསུམ་གྱི་སྔོན་དེར་སྡེ་བ་ནང་གི་ཕོ་གསར་ཞིག་ལའང་བོད་ལ་རང་དབང་མེད་པ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ། ༸པཎ་ཆེན་རིན་པོ་ཆེའང་བཙོན་ལ་བཅུག་ནས་བཞག་ན་འཇིག་རྟེན་འདིར་བསྡད་ཀྱང་སྙིང་བོ་མི་འདུག་ཅེས་ཁ་བརྡ་བྱས་ཡོད་གནས་འདུག ད་ལྟ་རེབ་གོང་ཁུལ་ཐོག་ཏུ་དེང་རབས་གོ་མཚོན་ཐོགས་པའི་དམག་མི་དང་ཉེན་རྟོག་པ་ཕོན་ཆེན་པོ་འབྱོར་ནས་འགྲུལ་བསྐྱོད་དང་བཅས་པར་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པ་དང་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་སེམས་ཁམས་ལ་གནོད་སྐྱོན་ཆེན་པོ་གཏོང་བཞིན་ཡོད་འདུག
ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས༡༧ བར་བོད་ནང་དུ་ར་འཕྲོད་གསལ་བོ་བྱུང་བ་རང་ལུས་མེར་བསྲེགས་གནང་མཁན་ ༧༦ དང་། དེའི་ནང་ནས་འདས་གྲོངས་སུ་གྱུར་བ་ ༦༢ ཆགས་ཡོད། བོད་ནང་དུ་བོད་མི་ཚོ་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་སྡོད་འདོད་མེད་པར་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་ལས་འགུལ་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པར། ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་བསམ་ཞིབ་ཡོང་བའི་འབོད་སྐུལ་ནན་གྱིས་ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།
- ༡། ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་། དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་སྐུལ་ཞུ་རྒྱུ།
- ༢། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་ (Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༡༩ ལ།།