རྒྱལ་གཅེས་དཔའ་མོ་བཙུན་མ་སྒྲོལ་མ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་༢༠༡༤ ཕྱི་ཟླ་༣ ཚེས་༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣།༠༠ ཡས་མས་སུ། འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་དུ་འབའ་ཐང་སྤྱི་སྲུང་སྒང་ཞོག་སྡེ་བའི་རང་ལོ་ ༣༡ ཡིན་པའི་རྒྱལ་གཅེས་དཔའ་མོ་བཙུན་མ་སྒྲོལ་མ་ལགསཀྱིས། རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་སྐབས། དགོན་པར་སྐོར་བ་རྒྱག་མཁན་གྱི་བོད་མི་ཚོས་ཁོ་མོའི་ལུས་སྟེང་གི་མེ་བསད་དེ་འབའ་ཐང་རྫོང་མི་མང་སྨན་ཁང་དུ་འཁྱེར་ཏེ། ད་ལྟའི་ཆར་བཙུན་མ་ཁོང་སྲོག་ཉེན་ལས་ཐར་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

རྒྱལ་གཅེས་དཔའ་མོ་བཙུན་མ་སྒྲོལ་མ་ལགས་ནི། 129འབའ་ཐང་རྫོང་འབའ་ཐང་སྤྱི་སྲུང་སྒང་ཞོག་གྲོང་སྡེ་ནས་ཡིན་ཞིང་། ཕ་མིང་ལ་ཉི་མ་དང་། མ་མིང་ལ་དབང་མོ་ཞུ་བཞིན་ཡོད་འདུག ཨ་མ་ལོ་གཅིག་ཙམ་གྱི་སྔོན་འདས་གྲོངས་སུ་ཕྱིན་པ་དང་། བཙུན་མ་སྒྲོལ་མ་ལགས་ལ་སྤུན་བཙུན་མ་སྤུན་མཆེད་གཉིས་ཡོད་པ་ལས་ཆེ་བ་ཁོང་དང་ཆུང་བའི་མིང་ལ་ཨ་ཆུབ་ཞུ་བཞིན་ཡོད་པ་དང་། ད་ལྟ་རང་ལོ་ ༢༤ ཡིན་འདུག

རང་ལུས་མེར་བསྲེགས་མ་གནང་གོང་ཁོང་འབའ་ཐང་རྫོང་རི་སྟོད་རྐ་མགོར་ཕྱག་འཚལ་བཞིན་བསྡད་ཡོད་པ་དང་། ཁོང་མོས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས་། རྒྱ་གཞུང་གིས་ཉེ་ལམ་ཁོང་དང་མཉམ་དུ་སྡོད་མཁན་གྱི་བཙུན་མ་གསུམ་འཛིན་བཟུང་གིས་གར་ཡོད་མ་ཤེས་པར་ལྷག་ཡོད་འདུག ཁོང་ཚོའི་ཁྲོད་ཀྱི་བཙུན་མ་གཅིག་དེ་སྔོན་རྒྱ་གར་ནས་ཕྱིར་བོད་ནང་ལོག་མཁན་ཞིག་ཡིན་འདུག

དེ་སྔོན་གྱི་ལོ་རྒྱུས་ལྟར་ན་ཁོང་མོ་འཚར་ལོངས་བྱུང་ས་སྤྱི་སྲུང་སྒང་ཞོག་སྡེ་བ་དེ་འབའ་ཐང་རྫོང་གི་ཁོངས་གཏོགས་ཡིན་ཡང་། ཕྱིས་སུ་རྒྱ་ནག་གི་ས་ཆ་བགོ་སྐབས་སྨར་ཁམས་ཀྱི་ཁོངས་སུ་བཅུག་ཡོད་འདུག རྒྱ་གཞུང་གིས་ས་གནས་སུ་དམག་མི་འགྲེམས་འཇོག་གིས་དམིགས་བསལ་དམ་དྲག་བྱེད་ཀྱི་མེད་ཀྱང་། ས་གནས་ཀྱི་དྲ་རྒྱ་ཁག་ལ་ལྟ་མི་ཐུབ་པར་གྱུར་ཡོད་པ་དང་ཁ་པར་སོགས་བརྒྱུད་ལམ་ཁག་ལ་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་འདུག

ད་ཐེངས་ཀྱི་རང་ལུས་མེར་བསྲེགས་འདི་ནི། ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༤།༣།༢༩ བར་རང་ལུས་མེར་བསྲེགས་གནང་མཁན་ ༡༢༩ པ་དེ་ཆགས་ཡོད་འདུག

རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་དགོས་འདུན་ནམ་མངོན་འདོད་ཇི་ཡིན་ལ་རྟོག་ཞིབ་དང་བསམ་ཤེས་ཀྱི་འགན་འཁུར་གང་ཡང་མེད་ཁར་ཁོང་རྣམ་པར་དམའ་འབེབས་དང་། དེའི་འབྱུང་རྐྱེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ནས་སྐུལ་སློང་བྱས་ཚུལ་གྱི་བསྙོན་དཀྲི་བྱེད་པ། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཕྱི་གྱར་མི་འགྲོ་བའི་སྦས་ཐབས་བྱེད་པ། རང་ལུས་མེར་བསྲེགས་གནང་ཡུལ་དགོན་གྲོང་ཁག་ཏུ་དམ་དྲག་ཅི་ཆེའི་ངང་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་དང་ཉེ་འབྲེལ་སོགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཙོན་འཇུག་དང༌། ཐ་ན་མི་བསད་ཀྱི་ཉེས་འཛུགས་བྱས་ཏེ་སྲོག་ཁྲིམས་བཅད་པ་སོགས་ཀྱི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ལ་བརྩི་སྲུང་བྱ་རྒྱུ་ལྟ་ཞོག མང་གཙོ་དང༌། རང་དབང༌། དྲང་བདེན་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། དབུ་འཁྲིད་རྣམ་པ། ཚོགས་སྡེ་སོགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཐབས་སུ་གྲོས་ཆོད་རིམ་འཇོག་དང་འབོད་སྐུལ་ཇི་གནང་བཅས་ཚང་མར་བརྩི་མེད་ཀྱིས་རྒྱ་གཞུང་གིས་རང་འདོད་ཁོ་ན་ལག་བསྟར་བྱས་དང་བྱེད་བཞིན་པ་དངོས་ཡོད་ཀུན་གསལ་གྱི་གནས་ཚུལ་དུ་གྱུར་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༤ ཟླ༤ཚེས་༤ ལ།