རྒྱལ་གཅེས་དཔའ་མོ་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

རྒྱལ་གཅེས་དཔའ་མོ་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་ ༢༠༡༣ ཟླ ༦ ཚེས་ ༡༡ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ པ་ཡས་མས་སུ་ཁམས་མི་ཉག་འདྲ་པ་ནས་ཡིན་པའི་བཙུན་མ་དབང་ཆེན་སྒྲོལ་མ་ལགས་ཀྱིས། རྟའུ་ཉ་མཚོ་དགོན་པའི་ཉེ་འཁྲིས་ཤིག་ཏུ་རང་ལུས་མེར་སྲེག་བཏང་རྗེས་འཕྲལ་དུ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་བཙན་འཁྱེར་བྱས་ཡོད་པ་དང་། དེ་མ་ཐག་ས་གནས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ཡོངས་རྫོགས་བཅད་ཟིན་པར་བརྟེན་ས་གནས་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་བཙུན་མ་དབང་ཆེན་སྒྲོལ་མའི་གནས་སྟངས་ཆ་ཚང་ཞིག་ཤེས་རྟོགས་བྱ་རྒྱུར་དཀའ་ངལ་འཕྲད་ཡོད། ཚེས་ ༡༥ ཉིན་རྒྱབ་རྟའུ་རྫོང་ཁོངས་སུ་ཁ་པར་གྱི་བརྒྱུད་ལམ་སླར་ཡང་སྒོ་ཕྱེ་པ་དང་འབྲེལ་ཡོད་ཚོས་ས་གནས་སུ་འབྲེལ་བ་བྱེད་སྐབས་བཙུན་མ་དབང་ཆེན་སྒྲོལ་མ་ཁམས་མི་ཉག་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་ཕྱི་ཚེས་ ༡༤ ཉིན་གྱི་ཚན་མོ་བོད་ནང་གི་ཆུ་ཚོད་ ༨ པའི་ཐོག་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག བཙུན་མ་དབང་ཆེན་སྒྲོལ་མའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱུང་བར་སྨན་ཁང་ནས་གློག་གི་རོ་བསྲེག་ས་ཞིག་ཏུ་བསྲེགས་པར་བརྟེན། ནང་མི་ཚོས་བོད་མིའི་ཡུལ་སྲོལ་དང་ཆོས་ལུགས་ཀྱི་བྱེད་སྒོ་ལྟར་གྱི་ཕུང་པོ་ཞུགས་འབུལ་བྱེད་རྒྱུ་བྱུང་མེད། མི་ཉག་འདྲ་པ་བྲག་ཐོག་ས་གནས་ཀྱི་གྲོང་སྡེ་ཁག་ནས་བཙུན་མ་དབང་ཆེན་སྒྲོལ་མའི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་། ནང་མིའི་ངོས་ནས་ཀྱང་འདས་པོའི་རྗེས་འཇུག་གི་ཆོས་སྒྲུབ་བསྔོ་སྨོན་དང་མཆོད་འབུལ་སོགས་བྱེད་ཐབས་བྱས་འདུག་ཀྱང་། ཕྱི་ཚེས་ ༡༤ ཉིན་ས་གནས་སྲིད་གཞུང་གི་མི་སྣ་ཁག་ཅིག་བཙུན་མ་དབང་ཆེན་སྒྲོལ་མའི་ནང་དུ་སླེབས་ནས། གྲོང་པ་ཁྱིམ་མཚེས་དང་ཡུལ་མི་སྤུན་ཟླ། གྲྭ་བཙུན་བླ་སྤྲུལ་སོགས་ནང་ལ་ཡོང་རྒྱུ་བཀག་འགོག་དང་། ནང་མི་དེ་ཚོ་ཡང་ཕྱི་ལོགས་སུ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་སྟེ་གནས་སྟངས་དམ་དྲག་འོག་གཤིན་པོར་རྗེས་འཇུག་ཀྱང་ཚུལ་བཞིན་བྱས་ཐུབ་མི་འདུག

བཙུན་མ་དབང་ཆེན་སྒྲོལ་མ་ནི་ཁམས་རྟའུ་རྫོངས་ཁོངས་སུ་ཡོད་པའི་མི་ཉག་འདྲ་པ་ས་ཁུལ་གྱི། བྲག་ཐོག་ཡུལ་ཚོ་དང་བྲག་ཐོག་གྲོང་པའི་རྒྱལ་འབུམ་ཚང་ཕ་བསྟན་འཛིན་དང་མགཡུ་སྒྲོན་གཉིས་ཀྱི་བུ་མོ་ཡིན་ཞིང་། ཁོང་གི་སྐྱ་མིང་ལ་ཚེ་རིང་སྒྲོལ་དཀར་དང་ཆོས་མིང་ལ་དབང་ཆེན་སྒྲོལ་མ་ཟེར་གྱི་ཡོད་པ་དང་རང་ལོ་ ༣༡ ལ་སོན་ཡོད་འདུག བཙུན་མ་དབང་ཆེན་སྒྲོལ་མིའི་ཕ་ཡུལ་དུ་བཙུན་མ་ཆོས་ཞུགས་བྱེད་སའི་བཙུན་དགོན་མེད་པར་བརྟེན། ཁམས་རྟའུ་སྦར་ཞབས་བྲག་དཀར་ཞེས་པའི་གནས་རི་ཞིག་ཏུ་ཆོས་རྒྱུད་སྔ་འགྱུར་རྙིང་མ་ཡིན་པའི་སྤྲུལ་སྐུ་ཆོས་ཀྱི་ཉི་མ་ཞུ་བའི་ཆོས་སྡེ་ཞིག་ཡོད་པ་དེར་ཆོས་ཞུགས་གནང་ཡོད་འདུག་པ་དང་། ཕྱི་ཚེས་ ༡༠ དགོང་མོ་བཙུན་མ་དབང་ཆེན་སྒྲོལ་མས་རྟའུ་རྫོང་ཐོག་གི་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་ཚོར་བོད་ཡིག་ཡག་པོ་སྦྱང་དགོས་པ་སོགས་ཀྱི་སློབ་གསོ་བརྒྱབས་ཡོད་འདུག བཙུན་མ་དབང་ཆེན་སྒྲོལ་མའི་ཕ་ཡུལ་འདྲ་པ་བྲག་ཐོག་ཅེས་པ་ནི་ཁམས་མི་ཉག་གི་ཡུལ་སྡེ་ཞིག་ཡིན་པ་དང་། ད་ལྟ་རྒྱ་ནག་སྲིད་གཞུང་གིས་བཅད་བགོས་ལྟར་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི། རྟའུ་རྫོང་ཁོངས་སུ་ཡུལ་ཚོ་ ༢༠ ཡོད་པའི་ནང་ཚན་བྲག་ཐོག་ཡུལ་ཚོ་སྟེ། རྟའུ་རྫོང་སྲིད་གཞུང་ལྟེ་གནས་ནས་ལྷོ་ཤར་ཕྱོགས་ཀྱི་ལེ་བར་ ༦༣ ཙམ་གྱི་སར་ཡོད་པ་དང་། ཡུལ་སྡེ་དེའི་འཚོ་བ་གཙོ་བོ་ཞིང་ལས་བྱེད་ཀྱི་ཡོད་པ་རེད། བཙུན་མ་དབང་ཆེན་སྒྲོལ་མ་ཁམས་མི་ཉག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་གསུམ་པ་དེ་ཡིན་པ་དང་། དེ་སྔོན་(༢༠༡༢ ཟླ་ ༤༦ ཉིན་སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་དང་། བཙུན་མ་ཨ་ཚེ་གཉིས་ཀྱང་མི་ཉག་ནས་ཡིན།) 

དེས་ན་ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༣།༡༡ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་རྟོགས་གསལ་པོ་བྱུང་བ། བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༡༡དང་འདས་གྲོངས་སུ་གྱུར་པ་གྲངས་༡༠ ཆགས་ཡོད། ཡ་མཚན་པ་ཞིག་ལ་བོད་ནང་རང་ལུས་མེར་སྲེག་ཕོན་ཆེན་དེ་འདྲ་བྱུང་ཡོད་རུང་། ད་ལྟའི་བར་རྒྱ་ནག་གཞུང་གིས། བོད་མི་ཚོའི་བསམ་ཚུལ་དང་རང་ལུས་མེར་སྲེག་གནང་མཁན་ཚོའི་ཞལ་ཆེམས་དང་འབོད་ཚིག་གི་སྐོར་ལ་མཐུན་ཕྱོགས་ཀྱི་སྐད་ཆ་ཚིག་འབྲུ་གཅིག་ཀྱང་བཤད་མྱོང་མེད། དེ་ལས་ལྡོག་སྟེ་བོད་ནང་རང་ལུས་མེར་སྲེག་ནམ་བྱུང་སྐབས། དང་ཐོག་རྩ་བ་ནས་སྦས་ཐབས་བྱས་ཡོད་པ་དང་། དེ་མ་བྱུང་ན་ནང་མི་དང་ཉེ་འབྲེལ་ལ་སྡིག་སྐུལ་དང་ལྐོག་རྔན་སྤྲོད་ཐབས་ཀྱིས་གནས་ཚུལ་ཕྱིར་བསྒྲགས་མ་འགྲོ་བའི་ཐབས་ཤེས་བྱས་པ། དེ་མ་བྱུང་ན་ཕྱི་ཕྱོགས་སུ་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་ཁག་གིས་རང་ལུས་མེར་སྲེག་ལ་སྐུལ་སློང་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་ལོག་པ་བྱེད་པ། དེ་ནས་རིམ་གྱིས་རང་ལུས་མེར་སྲེག་གནང་མཁན་ལ་སྐུལ་སློང་བྱེད་མཁན་དོགས་ཡོད་ཉེས་ཅན་པ་ཟེར་ནས། དཔང་རྟགས་དང་བདེན་དཔང་གང་ཡང་མེད་པའི་ཐོག་ནས་བོད་མི་གནད་ཡོད་མང་པོ་སྡེབ་བཟུང་གིས་སྲོག་ཁྲིམས་དང་ལོ་གྲངས་རྒྱས་བཅད་ཀྱིས་ཁྲིམས་ཐག་སོགས་གཅོད་ཀྱི་ཡོད། རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱལ་སྤྱི་དང་རྒྱ་ནག་རང་གི་ཁྲིམས་ལུགས་ལ་བརྩི་འཇོག་ཙམ་ཡང་མེད་པ། བོད་མི་ཚོར་མནར་གཅོད་ཇི་ལྟར་བཏང་འདོད་ཀྱང་བག་ཚ་ཙམ་ཡང་མེད་པ་བརྡུང་རྡེག་གཏོང་བཞིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། བོད་ནང་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་ནས་བཟུང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་རིམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་རིམ་པའི་ནང་། རང་ལུས་མེར་སྲེག་གི་ཐད་ལ་རྒྱ་ནག་གཞུང་ཕྱོགས་ནས་འགན་ལེན་བྱེད་དགོས་པའི་གྲོས་ཆོད་དང་བསྒྲགས་གཏམ་རིམ་པ་སྤེལ་ཡོད་པ་རྣམས་རྒྱ་ནག་གཞུང་གིས་ལག་ལེན་བསྟར་དགོས་པ་དང་། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་འཛེམས་ཟོན་མེད་པའི་ཐོག་ནས་དངོས་ཡོད་འགྲེལ་བརྗོད་དང་རྫུན་མ་ཐེར་འདོན་བྱེད་དགོས།

རྒྱ་ནག་གི་དཔོན་རིགས་ཚོས་ཤེས་དགོས་པ་ཞིག་ལ། རྒྱ་ནག་རྒྱལ་ཁབ་འདི་ས་ཡི་གོ་ལའི་ཁྱོན་དུ་གནས་པའི་འགྲོ་བ་མིའི་སྤྱི་ཚོགས་ཀུན་དང་གཅིག་མཚུངས། གཅིག་ལ་གཅིག་བརྟེན་བྱེད་ནས་གནས་ཡོད་པ་ལས་རྒྱ་ནག་ས་ཡི་གོ་ལ་གཞན་ཞིག་ཏུ་གནས་མེད། རྒྱ་ནག་གི་དཔོན་རིགས་ཚོར་རྒྱ་ནག་འདི་ས་ཡི་གོ་ལའི་འགྲོ་བ་མིའི་སྤྱི་ཚོགས་དང་གཅིག་ལ་གཅིག་བརྟེན་བྱེད་མི་དགོས་པའི་ནུས་སྟོབས་དང་ཁྱད་ཆོས་དམིགས་བསལ་ཞིག་གང་ཡང་མེད་པས། རྒྱ་ནག་གཞུང་གིས་ངེས་པར་དུ་འགྲོ་བ་མིའི་སྤྱི་ཚོགས་སུ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཁྲིམས་ཀྱི་དབང་སྒྱུར་དང་རང་དབང་། ཡ་རབས་བཟང་སྤྱོད་དང་གཞན་ལ་བརྩི་མཐོང་སོགས་འགྲོ་བ་མིའི་གཞི་རྩའི་དགོས་མཁོ་ལ་མཐོང་ཆེན་བྱེད་དགོས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་བྱེད་སྤྱོད་ཡོངས་རྫོགས་དང་ལྡོག་སྟེ་ད་དུང་ཡང་འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་ཤེས་ཡོན་གྱི་དཔལ་ཡོན་མེད་པའི་དུས་རབས་མང་པོའི་སྔོན་གྱི་ཀླ་ཀློའི་སྤྱི་ཚོགས་ཀྱི་འདུ་ཤེས་བཟུང་སྟེ་གནས་ན། རྒྱ་ནག་མི་མང་དུང་ཕྱུར་མང་པོ་དུས་རབས་མང་པོའི་སྔོན་གྱི་ཀླ་ཀློའི་སྤྱི་ཚོགས་ཀྱི་འདུ་ཤེས་ནས་ཐར་ཐབས་མེད་ལ། བསམ་སྤྱོད་ཀྱི་དཔལ་ཡོན་གང་ཡང་མེད་པ་རང་ཉིད་ཀྱི་ལྟོ་དང་སྒོར་མོ་ཁོ་ན་དོན་དུ་གཉེར་མཁན་ཞིག་ཆགས་ངེས་པ་ཡིན། དེ་ལྟར་ན་རྒྱ་ནག་དམར་ཤོག་དབང་ཆ་གཅིག་བསྡུས་རིང་ལུགས་འདི། འཛམ་བུ་གླིང་གི་ཞི་བདེའི་དཔལ་ཡོན་གྱི་འོ་མའི་རྒྱ་མཚོ་ནང་ཁྲག་གི་ཐིགས་པ་རྒྱག་མཁན་དེ་མུར་གནས་ངེས་པས། གོ་ལའི་ཁྱོན་གྱི་འགྲོ་བ་མི་ཀུན་གྱིས་རྒྱ་ནག་གི་དཔོན་རིགས་ཚོའི་བྱེད་སྤྱོད་ཐེར་འདོན་གྱིས་ནམ་ཡང་ངན་པ་རྒྱ་ཡན་དུ་མི་འགྲོ་བ་བྱེད་དགོས།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༡༧ ཉིན།།

Menu