རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་ ༢༠༡༢ ཟླ ༦ ཚེས ༢༧ ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་སུ་སྒ་སྐྱེ་རྒུ་མདོ་དོན་གྲུབ་གླིང་དགོན་པའི་གཤམ་འོག་གི་སྐྱེ་རྒུ་གྲོང་ཁྱེར་ཁྲོམ་གཞུང་དུ་ཁྱིམ་ཚང་ ༧༠ ཙམ་གྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་རྒྱུ་ནོར་བཙན་ཕྲོགས་བྱས་དང་བྱེད་བཞིན་པའི་གཉའ་གནོན་དང་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད། རང་ས་རང་དབང་དང་། རང་རྒྱུ་རང་དབང་གི་སྐད་འབོད་ཤུགས་ཆེན་བྱེད་བཞིན་པའི་སྐབས་སུ། ཕ་ཚེ་འདས་པདྨ་དོན་གྲུབ་ཀྱི་བུ་མོ་རང་ལོ་ ༤༠ ཡས་མས་ལ་སོན་པ་ བདེ་སྐྱིད་ཆོས་འཛོམས་ལགས་ཀྱིས་རྒྱ་གཞུང་གིས་བོད་པའི་ས་ཁང་བཙན་ཕྲོགས་ཀྱིས་བོད་མི་ཚོར་གཉའ་གནོན་བྱེད་བཞིན་པའི་གནས་ཚུལ་དེར་སེམས་ཀྱིས་མ་བཟོད་པར་རང་ལུས་ལ་མེ་སྦར་ཏེ་མཆོངས་ཡོང་སྐབས། རྒྱ་མིའི་ཉེན་རྟོག་དམག་མིས་མེ་བསད་དེ་ཟི་ལིང་སྨན་ཁང་དུ་བཙན་འཁྱེར་བྱས་འདུག སྐབས་དེར་སྤུན་མཆེད་བཀྲ་ཤིས་གཡང་འཛོམས་ལགས་དང་། ཨ་ཞང་བཀྲ་ཤིས་དོན་གྲུབ་ལགས་གཉིས་ཀྱང་མདུན་དུ་མཆོངས་ནས་ངོ་རྒོལ་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མིས་འཇུ་བཟུང་གཅར་རྡུང་གིས་བཙན་ཁྲིད་བྱས། སྐབས་དེར་ས་གནས་ཀྱི་རྒྱ་ཆེའི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་ཀྱིས་ཁོང་གཉིས་གློད་གྲོལ་མ་བཏང་ན་ཚང་མས་རང་ལུས་མེར་བསྲེག་གཏོང་གི་ཡིན་ཞེས་སྐད་འབོད་བརྒྱབ་པས་གློད་ཙམ་བྱུང་ཡང་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་གནས་འདུག།

རྒྱལ་གཅེས་དཔའ་མོ་བདེ་སྐྱིད་ཆོས་འཛོམས་ལགས་ནི། སྐྱེ་རྒུ་གྲོང་ཁྱེར་དང་ས་ཐག་ཉེ་བོ་ཡོད་པའི་དཔལ་ཐང་གྲོང་ཚོའི་ཁོངས་མི་ཡིན་ཞིང་། ཁྱོ་གའི་མིང་ལ་དབང་གྲགས་དང་། ཁོང་གཉིས་ལ་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་སྐྱེ་རྒུ་སློབ་གྲྭར་འགྲོ་བཞིན་ཡོད་པ་དང་། ལོ་འགའི་སྔོན་ནས་སྐྱེ་རྒུ་གྲོང་ཁྱེར་དུ་གནས་སྤོས་ཀྱིས་ཚོང་ལས་གཉེར་བཞིན་ཡོད་འདུག ད་ལྟའི་ཆར་དེ་སྔོན་སྐྱེ་རྒུའི་ས་ཡོམ་བརྒྱབ་པའི་གནས་ཚུལ་འོག་རྒྱ་གཞུང་གིས་སྐྱེ་རྒུ་བསྐྱར་འཛུགས་ཀྱི་ལས་གཞིར་ཁ་གཡར་ནས་བོད་པའི་ས་ཁང་དང་རྒྱུ་ནོར་དཔལ་འབྱོར་བཙན་ཕྲོགས་དང་། བོད་པའི་ཆོས་དང་རིག་གཞུང་རྩ་གཏོར། རྒྱ་མི་མང་པོ་གནས་སྤོ་བྱེད་རྒྱུའི་ངན་རྒུ་ཚང་བའི་སྲིད་བྱུས་ལག་བསྟར་བྱས་ཏེ། ཞེ་དཀར་ཐང་མགོ་དང་། བཀྲ་ཤིས་དར་ཐང་། བཀྲ་ཤིས་ཁོག་པ། རྡུལ་སྙེད་སྒང་། སྟོབས་ལྡན། སུམ་བདེ་བཅས་ས་གནས་ཁག་དྲུག་ནང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་མ་ཟད། ཕྱི་ལོ ༢༠༡༠ ཟླ ༦ ཚེས ༢༢ ཉིན། སྐྱེ་རྒུ་མདོ་སྲིང་མོ་མདོ་སྟོད་དགོན་པའི་འགྲོན་ཁང་དང་ས་ཆ་བཙན་ཕྲོགས་བྱེད་རྩིས་བྱེད་སྐབས། དགོན་པའི་གྲྭ་མང་གིས་མི་འདོད་པའི་རྣམ་འགྱུར་བསྟན་པར། རྒྱ་གཞུང་ཉེན་རྟོག་དམག་མིས་དགེ་འདུན་པ་༣༠ ཙམ་དང་། ལྷག་པར་དུ་སྤྲུལ་སྐུ་རིན་ཆེན་ཚེ་རིང་རིན་པོ་ཆེ་རྒྱ་མིས་འཇུ་བཟུང་གིས་གཅར་རྡུང་ཚད་མེད་བྱས་པ་ཡོངས་གྲགས་ཆགས་ཡོད་པ་སོགས་ཀྱིས་ས་གནས་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་དང་། རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པའི་འདུ་ཤེས་ཇེ་ཆེ་དང་རྣམ་འགྱུར་ཤུགས་ཆེ་རུ་ཕྱིན་ཡོད་གནས་འབྲེལ་ཡོད་ཉི་མ་བཀྲ་ཤིས་ལགས་ནས་མཁོ་སྤྲོད་བྱས་བྱུང་།

ཁོང་ནི། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་མི་གྲངས་ ༤༢ པ་དེ་ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། བོད་ནང་གི་དོན་རྐྱེན་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་བརྟེན་ནས་ཡོང་གི་ཡོད་པས། ཇི་སྲིད་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་བ། དེ་སྲིད་དུ་བོད་ཆོལ་ཁ་གསུམ་ནང་རང་ལུས་མེར་བསྲེགས་སོགས་ཀྱིས་མཚོན་ལས་འགུལ་སྣ་ཚོགས་ཡོང་སྲིད་པས། དེ་དག་གི་འགན་ཆ་ཚང་རྒྱ་གཞུང་གིས་འཁྱེར་དགོས་པ་ལས་གཞུང་སྒེར་སུ་ལའང་ཡ་ལན་སྤྲོད་ས་མེད།

ད་ལྟའི་སྐབས་རྒྱ་ནག་གཞུང་གིས་རྒྱུན་ལྡན་ལྟར། བོད་ནང་རང་ལུས་མེར་བསྲེགས་དང་མི་མང་འདུ་འཛོམས་ཀྱིས་ཞི་རྒོལ་སོགས་བྱུང་སྐབས། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། ལས་འགུལ་བ་མི་སྒེར་བཅས་ལ་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། རྒྱལ་ཁབ་འདྲ་མིན་ནང་བརྒྱུད་ལམ་སྣ་ཚོགས་ལ་འགྲོ་གྲོན་ཕོན་ཆེན་བཏང་སྟེ། ལོག་པའི་ཁྱབ་བསྒྲགས་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པ་དང་། ཉེ་ལམ་བོད་རིག་པ་མཁས་ཅན་སྐུ་ཚབ་ཚོགས་པ་ཟེར་བ་ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་སྤྱིའི་ཐོག་སྐོར་བསྐྱོད་ཀྱིས་༸གོང་ས་མཆོག་གི་ཡང་སྲིད་སྐོར་ཀྲུང་དབྱང་གིས་བསྐོ་གཞག་དགོས་པའི་རྩ་དོན་བཞི་ཞེས་པ་དང་། བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་རྒྱལ་ཁབ་ཕྱི་ལོགས་ཀྱི་ཆབ་སྲིད་དང་ཆོས་ལུགས་ལས་རིགས་ཁག་ནས་ངན་བསྐུལ་བྱས་པ་སོགས་མ་རུང་ཁོག་བཅངས་ཀྱི་རྒྱུ་མཚན་བཞི་ལོག་པའི་དྲིལ་བསྒྲགས་སྣ་ཚོགས་འཆར་གཞི་དང་གོ་རིམ་ཡོད་པའི་ཐོག་བྱས་དང་བྱེད་བཞིན་པ་དང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་ཀྱང་རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་གྲངས་ཉུང་མི་རིགས་ཀྱི་གནས་བབ་ཕྱིར་བསྡུ་བྱེད་དགོས་ཀྱི་བསམ་ཚུལ་ཡན་ཆད་ནས་ཁྲིམས་གསལ་རང་སྐྱོང་གི་གཞི་རྩ་མེད་པ་བཟོ་རྒྱུའི་ལྐོག་གཡོ་བཤམས་པ་སོགས་རང་ཉེས་གཞན་འགལ་བྱེད་བཞིན་ཡོད་པ་དེ་དག་གལ་ཏེ་རྒྱ་ནག་གཞུང་གིས་བརྗོད་བཞིན་པ་ལྟར་བདེན་པ་ཡིན་ན། བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་རྟོག་ཞིབ་པ་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་མེད་ལ། འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལ་དགའ་བའི་སྲིད་གཞུང་ཚོས། བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཆེད། རྒྱལ་ས་ལྷ་སའི་ནང་འབྲེལ་མཐུད་ལས་ཁུངས་འཛུགས་འཆར་ཡོད་པ་བཅས་བཀག་འགོག་བྱས་དགོས་པའི་རྒྱུ་མཚན་དེ་བས་མེད།

ཉེ་བའི་ཆར་རྒྱ་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་མདོ་སྟོད་སྨད་གཙོས། ལྷ་ས་བ་མིན་པའི་བོད་མི་རྣམས་ཕྱིར་འབུད་བཏང་བ་དང་། རྒྱ་མི་ལས་གཞན་བོད་མི་རྣམས་ལྷ་སར་ཡོང་མི་ཐུབ་པ་སོགས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ཤིག་དང་། རོགས་རམ་གྱི་མིང་འོག་ནས་བོད་རིགས་སློབ་ཐོན་པ་ཚོ་རྒྱ་ནག་གི་ས་ཁུལ་ཁག་ཏུ་གཏོང་བ་དང་། བོད་ཀྱི་ས་ཁུལ་དུ་རྒྱ་རིགས་སློབ་ཐོན་པ་ཚོར་ལས་ཀའི་གོ་སྐབས་སྤྲོད་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་པ་འདིས། བོད་རིགས་བོད་སར་གནས་མི་ཐུབ་པ་དང་། བོད་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་བའི་སྲིད་བྱུས་ཤིག་ཡིན་པས། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་རྒྱལ་ཁབ་ཁག་གིས། རྒྱ་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པ་དང་། བོད་མི་ཚོའི་ཚེ་སྲོག་དང་འབོད་སྒྲ་རྣམས། འགྲོ་བ་མིའི་ཚེ་སྲོག་དང་ཐོབ་ཐང་རྩོད་པའི་འབོད་སྒྲ་ཡིན་པ་ཤེས་བཞིན་དུ། ད་དུང་ཡང་ཉིན་འགྱངས་ཞག་འཕུད་བྱས་ནས་དེ་མུར་འཇོག་ན། དྲང་བདེན་དང་ཞི་བདེ་ལ་མོས་པའི་འགྲོ་བ་མི་ཀུན་གྱི་ཡིད་ཆེས་དང་རེ་བ་བརླགས་ངེས་པ་དང་། ས་ཡི་གོ་ལའི་ཁྱོན་ལ་ཉེས་ཅན་རྒྱ་ཡན་དུ་འགྲོ་རྒྱུ་ཡིན་པས། ངེས་པར་དུ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་སྒྱུར་བཅོས་ཡོང་བར་གནོན་ཤུགས་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༠༡༢ ཟླ་ ༧ ཚེས་ ༢ ཉིན།

Menu