རྒྱལ་གཅེས་དཔའ་མོ་བཀྲིས་སྐྱིད་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

142ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༧ ཉིན་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་བ་ནས་ཡིན་པ་བོད་རིགས་བུད་མེད་བཀྲ་ཤིས་སྐྱིད་ལགས་ཀྱིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཡུལ་མི་ཚོས་མཐོང་སྟེ་ཁོང་མོའི་ལུས་སྟེང་གི་མེ་བསད་ནས་སྐྱོབ་ཐབས་བྱས་ཡོད་ཀྱང་། མཚན་མོའི་ཆུ་ཚོད་ ༣ པ་ཡས་མས་སུ་སྐུ་གྲོངས་ཡོད་འདུག་པ་དང། ཕྱི་ཚེས་ ༢༩ ཡི་ཞོགས་པ་ནམ་ལངས་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་མང་པོ་ཡོང་སྟེ་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད། བཀྲ་ཤིས་སྐྱིད་ལགས་ནི་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༥༥ ཙམ་ཡིན་པ་དང། ཁོང་མོའི་ཟླ་བཟའ་སངས་རྒྱས་སྐྱབས་ཁོང་གཉིས་ལ་བུ་བཞི་དང་བུ་མོ་གཅིག་བཅས་བྱིས་པ་ལྔ་ཡོད་པ་མ་ཟད། དགུང་ལོ་ ༨༠ ལོན་པའི་ཨ་ཕ་ལགས་ད་ལྟ་སྐུ་འཚོ་བཞུགས་ཡིན་པ་རེད།

ད་ཐེངས་རྒྱལ་གཅེས་དཔའ་མོ་བཀྲ་ཤིས་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་ ༡༤༢ པ་དང། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ ༧ པ་དེ་ཆགས་ཀྱི་ཡོད། རྒྱ་གཞུང་གིས་དྲིལ་བསྒྲགས་དང་གསར་འགྱུར་བརྒྱུད་ལམ་སོགས་སུ་མི་རིགས་འཆམ་མཐུན་སོགས་བརྗོད་བཞིན་ཡོད་ཀྱང་། དོན་དངོས་ཐོག་བོད་མི་ཚོ་འཛིན་བཟུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་བཏང་དྲགས་ནས། རང་གི་དྲིན་ཆེན་ཕ་མ་དང་གཅེས་པའི་ཕྲུ་གུ་དང་སྲོག་ཚུན་ཆད་བློས་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་དགོས་བྱུང་ཡོད། ད་དུང་ཡང་རྒྱ་གཞུང་གིས་གཡས་ཁག་གཡོན་དཀྲིས་དང་སྡིག་པ་མིག་བཙུམ་གྱིས་དེ་མུར་གནས་ན། ཉིན་གཅིག་རི་ལུག་པར་ཐག་པས་མི་འདོམ་ཟེར་བ་ལྟར་ཆགས་སྲིད་པས་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁུར་དགོས་པ་དང་། ད་བར་བོད་ནང་སྲིད་དབང་དྲག་སྤྱོད་ལག་བསྟར་བྱས་པའི་མཇུག་འབྲས་བོད་ནང་གི་ཡ་ང་བའི་གནས་སྟང་མཐའ་དག་གི་འགན་ཡང་རྒྱ་ནག་གཞུང་གིས་འཁུར་དགོས།

རྒྱ་ནག་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་བོད་དོན་དཀའ་རྙོག་སེལ་འདོད་ཡོད་པ་དང། བོད་ཁུལ་ཞི་བདེ་དང་བརྟན་ལྷིང། བོད་རྒྱ་ཆེའི་མང་ཚོགས་རྣམས་བློ་བདེ་བག་ཕེབས་ཀྱི་ངང་འཚོ་བ་སྐྱེལ་དུ་འཇུག་འདོད་ཡོད་ཚེ། རང་ལུས་མེར་སྲེག་གཏོང་གནང་མཁན་རྣམས་ཀྱིས་གཙོས་བོད་མི་ཞི་རྒོལ་བ་ཡོངས་དང། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་མངོན་འདོད་ལ་བདག་སྤྲོད་བྱས་ཏེ་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང། བློ་གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གསར་འགོད་པ་སོགས་བོད་དུ་རྟོག་ཞིབ་ཆེད་ཡོང་དུ་འཇུག་དགོས་པ་ནན་སྐུལ་བྱེད་རྒྱུ་བཅས། ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ ༨ ཚེས་ ༣༡ ལ།

Menu