ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༢༧ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སྟེང་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ཐོག་ཏུ། རང་ལོ་ ༡༨ ཡིན་པའི་བསང་ཁོག་དངུལ་རྭའི་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་ས་རཱ་མཐོ་སློབ་ཏུ་སློབ་གཉེར་གནང་བཞིན་པའི་གྲྭ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ་གཞིགས་ན། ཉིན་དེར་ཁོང་དང་གྲོགས་པོ་འགས་སྦག་སྦག་བཞོན་ནས་བསང་ཁོག་ཞང་ཐོག་ཏུ་སླེབས་ཡོད་པ་དང་། མེར་བསྲེགས་མ་བཏང་བའི་སྔོན་དུ་ཁོང་གིས་ཕ་སྤུན་ཡིན་པའི་བུ་ཚེ་བྷེ་ལ་ཁ་པར་བཏང་སྟེ། ངས་དེ་རིང་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག སྐབས་དེར་ཚེ་བྷེ་ལགས་ཀྱིས་ ཨ་རོགས། དེ་ལྟར་མ་བྱེད། ཅུང་བསྒུག་དང་ཅེས་བཤད་མ་ཐག། དེ་ནས་འབྲེལ་བ་བྱས་མ་ཐུབ་པར་ཁ་པར་སྒོ་གཏན་ཏུ་བརྒྱབ་ཡོད་སྟབས། ནང་མི་སྐོར་ཞིག་གང་མགྱོགས་བསང་ཁོག་ཞང་ཐོག་ཏུ་ཕྱིན་ཀྱང། རྗེས་སུ་མ་ཆོད་པར་རྒྱལ་གཅེས་དཔའ་བོ་ཁོང་གིས་སྐུ་ལུས་མེར་བསྲེགས་བཏང་ཚར་ཡོད་འདུག
ཉེ་འཁོར་གྱི་མི་ཚོས་བརྗོད་ན། མེར་བསྲེགས་སྐབས་ཁོང་གིས་ “༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸པཎ་ཆེན་སྣང་བ་མཐའ་ཡས་གཙོ་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་ཞེས་སྐད་འབོད་གནང་ཡོད་འདུག དེ་ནས་ཉེ་འཁོར་གྱི་མི་ཚོ་དང་ལྷན་དུ་ཁོང་གི་སྐུ་ཕུང་བསང་ཁོག་ཞང་ཐོག་ཏུ་ཁོང་ཚང་ལ་ཁང་པ་གསར་པ་ཞིག་ཡོད་པ་དེར་གདན་ཞུས་གནང་ཐུབ་ཡོད་ལ། ཕྱི་ཚེས་ ༢༥ ཡི་ཉིན་གུང་ཙམ་དུ་བླ་བྲང་དགོན་པའི་དགེ་འདུན་པ་མང་པོ་དེར་ཕེབས་ཏེ་ད་ལྟ་སྨོན་ལམ་འདོན་བཞིན་པ་དང། རྒྱ་མིིའི་དྲག་ཆས་ཉེན་རྟོག་པ་དང་ཉེན་རྟོག་པ་སྣུམ་འཁོར་ལྔ་དྲུག་ཙམ་ཞིག་ཀྱང་བསང་ཁོག་ཞང་ཐོག་ཏུ་འབྱོར་སྟེ་བསྡད་ཡོད་འདུག
ཐེངས་འདིར་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་དེ་ནི། དེ་སྔོན་དཔའ་བོ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་གྱི་ཉེ་འཁྲིས་སུ་ཡིན་འདུག་པ་དང། རྒྱལ་གཅེས་དཔའ་བོ་ཁོང་གི་ཕའི་མཚན་ལ་ནམ་ཁོ་དང། སྤུན་མཆེད་ ༤ ཡོད་འདུག་ཅིང། དེ་སྔོན་ཁོང་བསང་ཁོག་སློབ་ཆུང་དུ་ལོ་བཞི་ཙམ་རིང་སློབ་གཉེར་གནང་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་རྗེས་སུ་ཁྱིམ་དུ་ལོག་སྟེ་ཕྱུགས་རྫི་བྱས་ཏེ་སྡོད་དགོས་བྱུང་བ་དང། ཁོང་ནམ་རྒྱུན་ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བུ་ཡ་རབས་སྤྱོད་བཟང་ཅན་ཞིག་བརྩིས་བཞིན་ཡོད་འདུག
དེ་ལྟར་ན། ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༢༧ བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ ༨༧ བྱུང་ཞིང་། དེའི་ནང་དུ་འདས་གྲོངས་སུ་གྱུར་བ་མི་གྲངས་ ༧༣ བྱུང་ཡོད་པ་དང། ཕྱི་ཟླ་ ༡༡ གཅིག་པུར་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༢༥ ཡིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད།
རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་བྱས་ཏེ། བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ། ད་དུང་དེ་ལས་ལྡོག་སྟེ་དམངས་སེམས་ལ་གནོད་གཞིའི་སྲིད་བྱུས་སྣ་མང་ལག་བསྟར་བྱས་དང་བྱེད་བཞིན་པ་དེས་བོད་ས་ཁྱོན་ཡོངས་སུ་གནས་ཚུལ་འདི་ལས་ཐབས་སྡུག་ཏུ་འགྱུར་སྲིད་པས། དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་བསྐྱར་ནན་བརྗོད་རྒྱུ་ཡིན་ལ། ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་བསམ་ཞིབ་ཡོང་བའི་འབོད་སྐུལ་ནན་གྱིས་ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།
- ༡། ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་། དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་ དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་ སྐུལ་ཞུ་རྒྱུ།
- ༢། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་) Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༢༨ ལ།།