རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ།

 

ཕྱི་ལོ༢༠༡༢ ལོའི་ཟླ་༡༠ ཚེས་༢༠ ཉིན་བོད་ནང་གི་ཉིན་གུང་དུས་ཚོད་གཉིས་པ་ཡས་མས་སུ། མདོ་སྨད་བསང་ཆུ་རྫོང་འབོ་ར་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་དགོན་པའི་(དེང་སང་གྲྭ་བ་༢༦༠ ལྷག་བཞུགས།)ཉེ་འགྲམ་གྱི་ལམ་ཆེན་ཨང་རྟགས་༢༡༣ ཅན་གྱི་སྟེང་དུ། འབོ་ར།འབོ་ར།སྟག་ལོ་བ་རང་ལོ་༢༧ ཡིན་པའི་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱིས། དགོན་པའི་གཡས་ངོས་དང་ཐག་མི་རིང་བའི་འབོ་ར་མདོ་སྡེ་བའི་མདུན་ཕྱོགས་ནས་རང་ལུས་ལ་མེར་བསྒྲོན་ཏེ་ཀི་རིང་ཞིག་དང་བཅས་”༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། “ཞེས་སོགས་སྐད་འབོད་ཁ་ཤས་བྱས་འདུག་ཀྱང་གནས་ཚུལ་ཡོང་ཁུངས་ནས་ནང་དོན་གསལ་བོ་ཐོས་མི་འདུག དགོན་པའི་ཕྱོགས་སུ་རྒྱུགས་སྐབས།  ནམ་རྒྱུན་བདེ་འཇགས་ལ་བསྙད་དེ་སྐོར་གཡེང་བྱེད་བཞིན་པའི་ཉེན་རྟོག་པ་ཁག་ཅིག་ལམ་ཆེན་འགྲམ་དུ་ཡོད་པ་ཚོ་དང་ཐོག་ཁོའི་སྟེང་དུ་རྒྱུགས་ཀྱང་།  རྒྱལ་གཅེས་དཔའ་བོ་ཁོང་ཚམ་ཚོམ་མེད་པར་ཉེན་རྟོག་པ་ཚོའི་ཕྱོགས་སུ་ཕར་རྒྱུགས་པས།   ཉེན་རྟོག་དམག་མི་ཚོ་བྲོས་འདུག  ད་དུང་མུ་མཐུད་དེ་ཁོང་གི་ལུས་སྟེང་གི་མེ་ལྕེ་དམར་ལམ་ལམ་དུ་འབར་བཞིན་པའི་ངང་གོམ་པ་ཁ་ཤས་མདུན་དུ་རྒྱུགས་ཀྱང་མཐར་ཐང་ལ་འགྱེལ་ཏེ་སྐུ་གཤེགས་ཡོད་འདུག   ཉེན་རྟོག་པ་དང་དེར་འདུས་སེར་སྐྱ་མི་མང་གི་བར་འཁྲུག་རྩོད་ཅུང་ཙམ་ཤོར་འདུག་ཀྱང་གྲྭ་མང་དང་མི་མང་གིས་ཁོང་གི་སྐུ་ཕུང་འབོ་ར་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོ་ཕྱོར་དུ་གདན་ཞུས་ཀྱིས་དགོན་པའི་གྲྭ་མང་ཡོངས་ཀྱིས་སྨོན་ལམ་གསུངས་པ་དང་།  རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས།མ་འགྱངས་པར་ཉེ་འཁོར་གྱི་མི་མང་གིས་གནས་ཚུལ་དེ་ཐོས་འཕྲལ་དགོན་པར་འབྱོར་ཏེ།  གྲྭ་མང་གིས་སྨོན་ལམ་གསུངས་ཚར་བ་དང་དེར་འདུས་འབོ་རའི་ཚོ་བ་བཞིའི་མང་ཚོགས་དང་གྲྭ་མང་གིས་ངུ་ངག་གདུང་ཤུགས་བཅས་མ་ཎི་གདངས་དབྱངས་འཐེན་བཞིན་ཁོང་གི་སྐུ་ཕུང་སྒྲོག་འགབ་མ་སྡེ་བའི་ཁོང་གི་ཁྱིམ་དུ་གདན་འདྲེན་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ནི། འབོ་ར་སྒྲོག་འགབ་མ་སྡེ་བའི་ཕ་སྟོབས་ལྡན་དང་།  མ་སྙིང་མོ་ཐར་ལོ་གཉིས་ཀྱི་བུ་ཡིན་པ་དང་།  ཁོང་གི་བཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་ཟེར་བ་ལོ་༢༨  ཙམ་ཡིན་འདུག་པ་དང་།  ཁོང་གཉིས་ལ་བྱིས་པ་འབྲུག་མོ་མཚོ་དང་། པདྨ་མཚོ་ཟེར་བའི་བུ་མོ་གཉིས་ཡོད་པ་ལས་གཅིག་ད་ལོ་རང་ལོ་༡༠  དང་།  གཅིག་ད་ལོར་རང་ལོ་༧ རེད་འདུག

རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱི་བཟའ་ཟླ་རྡོ་རྗེ་སྐྱིད་དང་ཁོང་ལ་བྱིས་པ་བོུ་གཉིས་ཡོད།རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱི་བཟའ་ཟླ་རྡོ་རྗེ་སྐྱིད་དང་ཁོང་ལ་བྱིས་པ་བོུ་གཉིས་ཡོད།

དེ་ལྟར་ན།  རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ནི།  ཕྱི་ལོ་༢༠༠༩  ལོ་ནས།  ཕྱི་ལོ་༢༠༡༢  ལོའི་ཟླ ༡༠  ཚེས༢༠ བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་མཁན་༥༦ པ་དང་།   རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བ་༤༦  པ་དེ་ཆགས་ཡོད།  རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་།  འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་།  སྐད་ཡིག་གོམས་གཤིས།  ས་ཆུ་བདག་གཅེས་སོགས་ཁོར་ཡུག་དང་བཅས་པ་མངོན་ལྐོག་བརྒྱུད་གསུམ་ནས་གཏོར་བཤིག་དང་།  མི་འབོར་སྤོ་ཤུགས་ཀྱི་བཙན་རྒོལ་སོགས་བོད་ཡུལ་རྒྱ་ཡུལ་རྒྱ་ཡུལ་ཅན་དུ་བསྒྱུར་འཆར་གྱི་ལས་འགུལ་རབས་དང་རིམ་པ་སྤེལ་བ་དང་།  བོད་མི་རིགས་ཀྱི་རྒྱུན་ལྡན་སེམས་ཁམས་ལ་གནོད་པའི་སློབ་གསོའི་རྣམ་གྲངས་བཙན་ཤེད་ཀྱིས་ལག་བསྟར་བྱས་པས།  བོད་ས་ཁྱོན་ཡོངས་སུ་འ་ཆད་འུ་ཐུག་གིས་རྩ་ཆེའི་ལུས་སྲོག་མེར་བསྲེགས་བཏང་སྟེ། ཆེས་ཚད་མཐོ་བའི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་བསྟུད་དུ་སྤེལ་བར། རྒྱ་གཞུང་གིས་སྣང་ཆུང་ཁྱད་གསོད་ཀྱིས་དེ་དག་གི་རྒྱུ་རྐྱེན་དང། ངོ་བོ། བྱེད་ལས་བཅས་ལ་སྒྲོ་སྐུར་འཁྱོག་བཤད་སྣ་ཚོགས་བྱས་ཏེ། ཡ་ལན་ཁྱོན་ནས་མི་བྱེད་ཁར། ད་དུང་ཁྲིམས་མེད་ལུགས་མེད་ཀྱིས་འཇིགས་སྐུལ་དྲག་ཤུགས་ཀྱིས་གཉའ་གནོན་བྱས་དང་བྱེད་བཞིན་པ་ནི། ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན་པར་མ་ཟད། བོད་ཕྱི་ནང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་མི་རིགས་ཚང་མའི་སྙིང་ལ་གྲི་བཙུགས་པ་བཞིན་བརྗེད་དཀའ་བའི་ན་ཟུག་བཏང་སྟེ། ཞེ་འཁོན་སློང་བཞིན་ཡོད། གནས་སྟངས་འདིའི་མདུན་རྒྱབ་ལ་རྒྱ་གཞུང་གིས་དངོས་ཐོག་བདེན་འཚོལ་གྱིས་བསམ་ཞིབ་མ་བྱས་ན། ད་དུང་ཛ་དྲག་གི་གནས་བབ་འདི་ལས་ཇེ་སྡུག་ཏུ་འགྱུར་ངེས་པས་འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས།

རྒྱ་གཞུང་གིས་གཡོ་རྫུན་གྱི་འཁྱོག་བཤད་དེ་དག་ཇི་སྐད་བཤད་པ་ལྟར་གནས་ཚུལ་བདེན་པ་ཡིན་ན།   རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་།   རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང།  གསར་འགོད་པ་བཀག་སྡོམ་མེད་པར་ཤར་གཏོང་གིས་ཞིབ་འཇུག་བྱེད་དུ་འཇུག་པ་དང་།  ཕྱོགས་ལྷུང་གི་སྲིད་བྱུས་བཅོས་བསྒྱུར་ཡོ་བསྲང་གིས་ཐབས་སྡུག་གི་གནས་ཚུལ་དེའི་རིགས་མི་ཡོང་རྒྱུར་འགན་འཁྱེར་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡིན།  དེ་བཞིན་རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་དང་།  རྒྱལ་ཁབ་ཁག་གིས་ཀྱང་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་།  དྲང་བདེན་ལ་རྒྱབ་སྐྱོར་གྱིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་ལ་མངོན་གསལ་དོད་པོས་ངོས་འཛིན་དང་རྒྱབ་སྐྱོར་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ་དང།  ཕ་མ་བུ་ཕྲུག་དང་བཟའ་ཟླ་ནང་མི།  ལུས་སྲོག་ལོངས་སྤྱོད་ཡོངས་རྗོགས་བློས་གཏོང་གིས་རྒྱལ་སྤྱིའི་ཐོག་རེ་བའི་མིག་འབུར་གཏོད་པའི་ངོ་རྒོལ་གྱི་ལས་འགུལ་འདི་དག་ལ་བསམ་ཞིབ་ཐོག་ཁ་ཡོད་ལག་ཡོད་ཀྱིས་རྒྱབ་སྐྱོར་གནང་རྒྱུར་རེ་སྐུལ་ནན་མོ་བྱེད་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༠ ཉིན།།